ཉམས་གསོ་ཞུ་བའི་བསྒང་ཡོད་མི་ གླིང་བཞི་རྫོང་།

གླིང་བཞི་རྫོང་ཉམས་གསོའི་ལཱ་ བརྒྱ་ཆ་༣༥ དེ་ཅིག་ མཇུག་བསྡུ་ཡོདཔ།

༉ ད་རེས་ནངས་པར་ ཐིམ་ཕུག་རྫོང་ཁག་གི་ གླིང་བཞི་རྫོང་ ཉམས་གསོ་ཞུ་བའི་བསྒང་ཡོདཔ་བཞིན་དུ་ ད་ལྟོ་ ལཱ་བརྒྱ་ཆ་༣༥ དེ་ཅིག་ མཇུག་བསྡུ་ཡོདཔ་ཨིན་པས།

ལས་མི་ཚུ་གིས་ རྫོང་གི་དབུ་རྩེ་༣ དེ་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ནིའི་དོན་ལས་ ལཱ་རྩ་འགེངས་ཏེ་ འབད་བའི་བསྒང་ཡོདཔ་ཨིན་པས།

རྫོང་གི་དབུ་རྩེ་བརྡལ་བཤིག་གཏང་ནིའི་ ལཱ་དེ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ནང་ འགོ་བཙུགས་ཡོདཔ་ད་ གླིང་བཞི་དེ་ ཐིམ་ཕུག་ལས་ བྱང་ཁ་ཐུག་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༣༠༠ ལུ་ ཆགས་ཏེ་ཡོདཔ་ཨིན་པས།

དྲུང་ཁག་བདག་སྐྱོང་ཡིག་ཚང་དང་ དགེ་སློང་གྲྭ་ཤག་ གསང་སྤྱོད་རྐྱབ་དགོཔ་ཡོདཔ་མ་ཚད་ རྡོ་གཅལ་དང་ གྱང་རྩིག་ ཆུ་གཡུར་ཚུ་ ཉམས་བཅོས་དང་ འཐུང་ཆུ་བཀྲམ་སྤེལ་གྱི་ ལཱ་ཚུ་ཡང་ འགོ་མ་བཙུགས་པར་ཡོདཔ་ཨིན་པས།

གླིང་བཞི་དྲུང་པ་དང་ ལས་འགུལ་འཛིན་སྐྱོང་པ་ མ་ཎི་སེངྒེ་གིས་ སླབ་མིའི་ནང་ ད་ཚུན་ དབུ་རྩེའི་ལཱ་ བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་སྟེ་ཡོདཔ་ལས་ རྫོང་ཉམས་གསོའི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

རྫོང་ཉམས་གསོ་ཞུ་བའི་སྐབས་ དྲུང་པ་གིས་ སླབ་མིའི་ནང་ སྣུམ་འཁོར་མེདཔ་ལས་ བཟོ་སྐྲུན་གྱི་ ཅ་ཆས་དང་ བཟའ་འཐུང་གི་རིགས་ཚུ་ གཡག་དང་ རྟ་གིས་ སྐྱེལ་འདྲེན་འབད་དགོཔ་ལས་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཅ་ཆས་ཚུ་ སྤ་རོ་ཤ་ནང་ལས་ ལེན་པའི་སྐབས་ བཟོ་སྐྲུན་གྱི་ ས་ཁོངས་ནང་ ལྷོད་ནི་ལུ་ ཉིནམ་༥ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ གནམ་དགུན་སྐབས་ ཆརཔ་དང་ ཁཝ་གིས་སྦེ་ ལཱ་འབད་ནི་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལཱ་གི་གྲུབ་འབྲས་ལུ་ གནོད་སྐྱོན་རྐྱབ་ཡོད་རུང་ ད་ལྟོའི་ རྩིས་ལོ་ནང་ དབུ་རྩེའི་ལཱ་ མཇུག་བསྡུ་ནི་གི་ དམིགས་ཏེ་བཀོད་དེ་ཡོད་ཟེར་ མ་ཎི་སེངྒེ་གིས་ བཤདཔ་ཨིན་པས།

གླིང་བཞི་རྫོང་ཉམས་གསོའི་ལཱ་དེ་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༩ ལུ་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༢༣ ཟླ་༦ པའི་ནང་ མཇུག་བསྡུ་ནི་གི་ ལས་འཆར་ཡོདཔ་ད་ རྫོང་ཉམས་གསོའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༤༠༠ དེ་ཅིག་ གྲོགས་རམས་འབད་དེ་ཡོདཔ་ཨིན་པས།

ཨིན་རུང་ ད་ལྟོ་ཚུན་ ལཱ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༥༣.༡༧ རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ཡོདཔ་ལས་ འཆར་དངུལ་ལྷག་ལུས་ དངུལ་ཀྲམ་ས་ཡ་༣༦༤.༨༣ ཡོདཔ་ཨིན་པས།

ལས་འགུལ་ནང་ ཤིང་བཟོ་བོ་༡༥ དང་ རྡོ་བཟོ་བོ་༢༥ གློག་མེ་བཅོ་མི་དང་ རྒྱབ་སྐྱོར་པ་༡༢༣ བརྩིས་ཏེ་ ལས་མི་༡༦༤ ཡོདཔ་ད་ བཟོ་སྐྲུན་ལས་མི་ཚུ་གི་སྒར་དེ་ བཞུ་རྡོ་དང་ ཚེ་སྒང་ གླིང་བཞི་ སྲོས་ དེ་ལས་ ཤ་ནང་ཚུ་ནང་ཡོདཔ་ཨིན་པས།

རྫོང་གི་དོན་ལུ་ ཤིང་ཆས་ཚུ་ བཞུ་རྡོ་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ ས་ཁོངས་ནང་ ལྷོད་ནི་ལུ་ ཉིན་གྲངས་༢ དེ་ཅིག་ འགོར་དོ་ཡོདཔ་ད་ ཤིང་ཆས་ཚུ་ཡང་ གཡག་དང་ རྟ་ཚུ་གིས་ སྐྱེལ་འདྲེན་འབདཝ་ཨིན་པས།

སྤྱི་ལོ་༢༠༡༩ ཟླ་༧ པ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ གཡག་དང་ རྟ་གིས་ དོས་༨༧༦.༥ དེ་ཅིག་ སྐྱེལ་འདྲེན་འབད་ཡོདཔ་ཨིན་པས།

གླིང་བཞི་རྫོང་དེ་ གཡུལ་རྒྱལ་རྫོང་སྦེ་ར་ སླབ་དོ་ཡོདཔ་ད་ རྫོང་དེ་ སྤྱི་ལོ་༡༦༦༨ ལུ་ སྡེ་སྲིད་༣ པ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ བོད་ལས་དམག་གི་རྒྱལ་ཁ་ཐོབ་པའི་ བཀྲིན་རྗེས་སུ་དྲན་ནིའི་དོན་ལུ་ བཞེངས་ཡོདཔ་ཨིན་པས།

རྫོང་ཉམས་ཆག་མ་ཤོར་ཚུན་ དྲུང་ཁག་བདག་སྐྱོང་ཡིག་ཚང་དང་ གྲྭ་ཚང་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ཨིན་པས།

སྤྱི་ལོ་༡༨༦༧ ལུ་ འགོ་དང་པ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལས་ སྤྱི་ལོ་༡༩༥༠ ལུ་ རྩ་བ་ལས་ར་ ཉམས་གསོ་ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *