གླིང་བཞི་རྒེད་འོག།

གླིང་བཞི་རྒེད་འོག་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ཚུགསཔ་བཟོ་ནི།

༉ གླིང་བཞི་རྒེད་འོག་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ཚུགསཔ་བཟོ་ནིའི་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ རྒེད་འོག་ནང་གི་ གློག་མེའི་ཀཝ་དག་པ་ཅིག་ སྤོ་བཤུད་འབད་ནི་ཨིནམ་ད་ དེའི་དོན་ལུ་ རྒྱལ་འཛིན་ཝག་ཤིང་གནམ་ཐང་དང་གཅིག་ཁར་ ཅ་ཆས་ཚུ་འབག་ནིའི་དོན་ལུ་ ལོ་རྒྱུས་སླབ་པའི་བསྒང་ཡོདཔ་ཨིན་པས།

གླིང་བཞི་རྒེད་འོག་དེ་ སོ་ནམ་ཞིང་ལམ་མེད་མི་ རྒེད་འོག་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ དོས་འབག་ནི་དང་ གློ་བུར་གྱི་དོན་ལུ་ ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ལུ་བརྟེན་སྡོདཔ་ཨིན་པས།

ཨིན་རུང་ གནམ་གྲུ་ཆགས་སའི་ས་ཁོངས་ནང་ གློག་མེའི་ཀཝ་ཚུ་ ལྷོང་ཡོདཔ་ལས་ ད་རེས་ གནམ་གྲུ་ཆགས་ས་དེ་ གཡུས་ ཀྱི་མཇུག་ལུ་ ཆུའི་མཐའ་མར་ཡོདཔ་ལས་ དེ་ཁར་ལས་ དོས་འབག་ནི་ཨིན་རུང་ ལམ་འགྱོ་ནི་ཨིན་རུང་ ཀི་ལོ་མི་ཊར་༥ དེ་ ཅིག་ འགྱོ་དགོ་དོ་ཡོདཔ་ཨིན་པས།

གླིང་བཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ གནད་དོན་དེ་ མི་སེར་ཚུ་གིས་ རྒེད་འོག་ཚོགས་སྡེ་ནང་ ཡང་བསྐྱར་བཙུགས་ནི་དེ་གིས་ ལོག་སྟེ་ར་ རྫོང་ཁག་ཚོགས་འདུ་ནང་ བཙུགས་དོ་ཟེར་བཤད་ཅི།

ཧེ་མ་འབད་བ་ཅིན་ གཡུས་ཀྱི་སྦོ་ལོགས་ཁར་ལས་ཕར་ ཆགས་ས་ཡོད་རུང་ གློག་མེ་ལས་འཛིན་གྱིས་ ཀཝ་ཚུ་བཙུགས་པའི་ཤུལ་ལས་ སྟབས་མ་བདེཝ་བྱུང་སྟེ་ཡོད་ཟེར་ རྒཔོ་གིས་བཤད་ཅི།

རྒཔོ་གིས་ ཧེ་མར་ གློག་མེ་ལྷོདཔ་ད་ ད་རེས་བཟུམ་མའི་དུས་ཚོད་ནང་ གནམ་གྲུའི་ཞབས་ཏོག་ཚུ་ ལྷོད་འོང་ཟེར་ མ་མནོཝ་ ལས་ ད་རེས་ ཞབས་ཏོག་སྤྱོད་མི་ཚུ་གིས་ གནམ་གྲུ་དེ་ གཡུས་ཀྱི་ཉེ་འདབས་ལུ་ ཆགས་དགོཔ་སྦེ་ ག་དེ་སྦེ་སླབ་རུང་ གློག་ མེའི་ཀཝ་ཡོདཔ་ལས་ ཉེན་ཁག་ལུ་བལྟ་སྟེ་ རྩ་ལས་ཉན་མི་བཏུབ་པས་ཟེར་བཤད་ཅི།

ད་ལྟོ་ཆགས་ས་དེ་ ཆུའི་མཐའ་མར་ཨིནམ་ལས་ རྒེད་འོག་ལྟེ་བའི་ ཉེ་འདབས་ལུ་ཆགས་ས་ཡོད་རུང་ བཏུབ་པས་ཟེར་ཨིནམ་ ད་ དེ་མིན་ ཧེ་མར་ གནམ་གྲུ་ཆགས་སའི་ ས་ཁོངས་ནང་ཚུད་མི་ གློག་ཐག་ཀཝ་རེ་གཉིས་ཡོད་མི་ཚུ་ སྤོ་ནིའི་ཐབས་ལམ་ བལྟ་དགོ་པའི་ གྲོགས་རམ་དགོ་པས་ཟེར་བཤད་ཅི།

དེ་མིན་ རྒེད་འོག་དེ་ སྣུམ་འཁོར་གྱི་ ལམ་མེད་ས་ནང་འབདཝ་ལས་ གཞུང་གིས་ གནམ་གྲུའི་ཞབས་ཏོག་གནང་སྟེ་འབད་ རུང་ དཀའ་ངལ་དེ་བཟུམ་ཡོད་ཟེར་ཨིནམ་ད་ ནདཔ་འཚུབ་དྲགས་ཨིན་རུང་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ཚུན་ མི་གིས་ འབག་བསྐྱལ་དགོ་པས་ཟེར་ རྒཔོ་གིས་བཤད་ཅི།

གཞུང་གི་འགོ་དཔོན་ཚུ་ཨིན་རུང་ སྤ་རོ་ལས་ གནམ་གྲུ་ནང་ འཇམ་ཏོང་ཏོ་སྦེ་ འཛུལ་ཏེ་འོང་རུང་ གཡུས་ཁར་ལྷོད་ནི་ རནམ་ད་ ཆགས་ས་དེ་ ཆུའི་མཐའ་མར་འབདཝ་ལས་ དེ་ཁར་ལས་ དོས་འབག་མི་རྟ་ འཚོལ་དགོ་པའི་ཁར་ རྐང་སྟོང་སྦེ་ ཧ་ལམ་ འགྱོ་དགོ་ནི་དེ་གིས་ དཀའ་ངལ་འདུག་ཟེར་ཨིན་པས།

ལས་འཛིན་ལུ་ ཟད་འགྲོ་གཞན་ཁར་གཏང་དགོ་པའི་ ས་ཁོངས་ལེ་ཤ་ཡོད་རུང་ རྒེད་འོག་གི་དཀའ་ངལ་ཚུ་ཡང་ བལྟ་གནང་ཟེར་བཤད་ཅི།

འབྲུག་གློག་མེ་ལས་འཛིན་གྱི་ངོ་ཚབ་ པ་སངས་ཀྱིས་ གླིང་བཞི་དྲུང་ཁག་ནང་ ཧེ་ལི་ཀོབ་ཊར་ཆགས་པའི་སྐབས་ སྟབས་མ་ བདེཝ་ཡོད་པའི་སྐོར་ལས་ གནས་ཚུལ་གོ་ཡི་ཟེར་ཨིནམ་ད་ དྲུང་ཁག་གི་ གློག་ཐག་རྒྱུན་སྐྱོང་དེ་ ཐག་ཉེ་ས་ སྤ་རོ་རྫོང་ཁག་འབདཝ་ལས་ རྫོང་ཁག་གིས་ འབད་དོ་ཟེར་ཨིན་པས།

ཨིན་རུང་ སྙན་ཞུ་དེ་ ལྷོད་པའི་ཤུལ་ལས་ འཆར་གཞི་ཚུ་བཟོ་སྟེ་ཡོདཔ་ལས་ རྒྱལ་འཛིན་ཝག་ཤིང་གནམ་གྲུ་ལས་ ཐགཔ་ཚུ་ སྤོ་ཐབས་ཡོད་པ་ཅིན་ཟེར་བའི་ ཡི་གུ་ཡང་ ལྷོད་དེ་ཡོད་རུང་ ཚོགས་ཐེངས་ཧེ་མའི་ནང་ཡང་ དེ་ཚུ་སྤོ་བ་ཅིན་ འཐུས་བཏབ་དགོཔ་སྦེ་ཡོད་ཟེར་ཨིན་པས།

ད་རེས་ཀྱི་ཐད་ཁར་ མི་སྡེ་ལུ་ ཁག་ཆེ་བའི་ གནས་སྟངས་ནང་འབདཝ་ལས་ ང་བཅས་ཀྱིས་ སྤོ་ནི་སྦེ་ ཐག་བཅད་དེ་ཡོདཔ་ལས་ དེའི་དོན་ལུ་ ཅ་ལ་ཚུ་ བསྐྱལ་དགོ་པ་ཅིན་ ལས་འཛིན་ལུ་ ལཱ་ཁག་ཡོདཔ་ལས་ སྤ་རོ་ལས་སྦེ་ ཧེ་ལི་ཀོབ་ཊར་ཞབས་ཏོག་ལས་སྡེ་གིས་ ཧེ་མའི་རྙིངམ་ཚུ་ ལག་ལེན་འཐབ་བཏུབ་པ་ཅིན་ ལག་ལེན་འཐབ་ནི་དང་ གསརཔ་དགོ་པ་ཅིན་ ལས་སྡེ་གིས་ གོང་ཚད་ཕབ་ཆག་དང་ ཡང་ན་ རིན་མ་ཕོགཔ་སྦེ་ བསྐྱལ་ནིའི་དོན་ལུ་ ཁ་ཚིག་བཟོ་སྟེ་ཡོད་ཟེར་ཨིན་པས།

དེ་ལས་ ས་དོང་བརྐོ་ནི་དང་ ཐགཔ་སྤྲིངས་ནིའི་རིགས་ཚུ་ རྒེད་འོག་གིས་ དུམ་གྲ་རེ་ གྲོགས་རམ་འབད་མི་ཚུགས་ག་ཟེར་ ཨིནམ་ད་ འཕྲུལ་རིག་དང་ ཅ་ཆས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ འབུམ་སྦེ་གནས་རུང་ ལས་འཛིན་གྱིས་ འབག་ནི་སྦེ་ ཨིན་ཟེར་བཤད་ཅི།

དེ་ལས་ ཀཝ་སྤྲིངས་པའི་སྐབས་ ལས་མི་དགོ་རུང་ ལས་འཛིན་གྱིས་ བཏོན་ནི་སྦེ་ཨིནམ་ད་ ཅ་ལ་ཚུ་བསྐྱལ་ནིའི་དོན་ལུ་ རྫོང་ ཁག་དང་ རྒེད་འོག་ དེ་ལས་ ལས་སྡེ་༣ གྱིས་ གྲོས་བསྟུན་འབད་དེ་ ཐག་གཅད་དགོཔ་སྦེ་བཞག་སྟེ་ཡོད་ཟེར་ ངོ་ཚབ་ཀྱིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *