གླིང་བཞི་རྒེད་འོག་གི་དོན་ལུ་ ནཱ་རོ་རྒེད་འོག་ལས་ ཞིང་ལམ་བསལ་ནིའི་ གནང་བ་ཞུ་ནི།

༉ ཐིམ་ཕུག་རྫོང་ཁག་ཚོགས་འདུ་གིས་ གླིང་བཞི་རྒེད་འོག་གི་དོན་ལུ་ སོ་ནམ་ཞིང་ལམ་དེ་ ནཱ་རོ་རྒེད་འོག་གི་ བར་གཤོང་ལས་སྦེ་ བསལ་ནིའི་དོན་ལུ་ བཀའ་ཁྲིམས་བཀོད་ཚོགས་ལུ་ གནང་བ་དགོ་པའི་སྐོར་ལས་ ཞུ་ཡིག་བཙུགས་ནི་སྦེ་ ཐག་བཅད་ ཡོདཔ་ཨིན་པས།

དེ་ཡང་ བར་གཤོང་ཚུན་ ཞིང་ལམ་བཏོན་བྱིན་ཏེ་ དེ་ཁར་ལས་ ཀི་ལོ་མི་ཊར་༤-༥ དེ་ཅིག་བསལ་བ་ཅིན་ གླིང་བཞི་རྒེད་འོག་ལུ་ སྟབས་བདེ་ཏོག་ཏོ་འགྱོ་ནི་དང་ ས་མཚམས་ཁར་འགྱོ་དགོ་པ་ཅིན་ དེ་ཁར་ལས་ ཉིད་ལམ་༣ གྱི་ས་ཁར་ཨིན་མས་ཟེར་ བཀའ་ཁྲིམས་བཀོད་ཚོགས་ལུ་ ཞུ་ཡིག་བཙུགས་ནི་སྦེ་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ གྲོས་ཐག་བཅད་ཡོདཔ་ཨིན་པས།

གླིང་བཞི་རྒཔོ་དབང་འདུས་ཀྱིས་ གནད་དོན་དེ་ ཧེ་མ་ལས་ ཐོན་ཡོད་པའི་ཁར་ བློན་ཆེན་ལུ་ཡང་ ཞུ་བ་འབདཝ་ད་ རྒེད་ འོག་གཞན་ཚུ་ནང་ཡང་ ལམ་བསལ་ཡོདཔ་སྦེ་ གསུངས་ཏེ་ཡོདཔ་ལས་ དེ་གི་དོན་ལུ་ གནང་བ་དེ་ རྫོང་ཁག་དང་ གཞུང་གི་ བར་ན་ གྲོས་བསྟུན་འབད་དེ་ སེལ་ཐབས་འབད་མི་ཚུགས་ག་ཟེར་ རྫོང་ཁག་ཚོགས་འདུའི་ནང་ ཞུ་བ་འབད་ཡི།

ན་ཧིང་གི་ལོ་ནང་ རྒེད་འོག་གི་ འཆར་དངུལ་ལག་ལེན་འཐབ་སྟེ་ ཟོར་དུ་ཚུན་བསལ་དགོ་པའི་ ཞུ་བ་འབདཝ་ད་ གནང་བ་མེད་པར་ སེལ་མ་ཆོགཔ་སྦེ་ལུས་ཡོདཔ་ད་ ད་རེས་ཀྱི་ཞུ་བ་དེ་ བར་གཤོང་ལས་ ཀི་ལོ་མི་ཊར་༥-༦ དེ་ཅིག་ བསལ་བ་ཅིན་ དེ་གི་གནང་བ་དེ་ གཞུང་དང་རྫོང་ཁག་གིས་ བྱིན་ཐབས་མི་འོང་ག་ཟེར་ གྲོས་གཞི་སྦེ་བཙུགས་ཡི་ཟེར་ རྒཔོ་གིས་ཞུ་ཡི།

བློན་ཆེན་གྱིས་ འཕྲལ་ཁམས་ཅིག་ཁར་ རྒེད་འོག་ནང་བྱོནམ་ད་ འབད་མ་ཚུགསཔ་ཅིག་མི་འོང་ནིའི་ ཐུགས་འཆར་གསུངས་ཏེ་ ཡོད་ཟེར་ཨིན་པས།

སྤང་ལ་དཀར་ཅུང་ཚུན་གྱི་དོན་ལུ་ གནང་བ་དེ་ གཞུང་ལས་མ་ལེན་རུང་ རྫོང་ཁག་གིས་ ཐག་གཅད་མི་ཚུགས་ག་ཟེར་ རྒཔོ་གིས་ཞུ་ཡི།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ དགའ་མདོག་གིས་ ལམ་བསལ་ནི་དེ་ འཆར་གཞི་༡༣ པའི་ནང་བཙུགས་ཏེ་ འཆར་ལོ་མ་ རན་པའི་ཧེ་མར་ ལམ་བསལ་ཆོག་པའི་གནང་བ་ཚུ་ ག་དེ་སྦེ་འབད་ནི་ཨིན་ན་ བཀའ་ཁྲིམས་བཀོད་འཛིན་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ འབད་དགོཔ་ཨིན་ན་ ཡང་ཅིན་ གནད་དོན་དེ་ གཞུང་དང་ རྫོང་ཁག་གིས་ གཅིག་ཁར་ལཱ་འབད་ནིའི ཐབས་ལམ་དོན་ལུ་ རྒྱབ་སྐྱོར་སྦེ་ གསོ་བའི་བློན་པོ་ལུ་ འབྲེལ་བ་འཐབ་པ་ཅིན་ ག་དེ་སྦེ་ དྲག་ག་ཟེར་ཨིན་པས།

རྒེད་འོག་གཞན་ཁ་འབད་བ་ཅིན་ ཀི་ལོ་མི་ཊར་༥ འི་ནང་འཁོད་ལུ་ ལམ་བསལ་དགོ་མི་ཚུ་ རྫོང་ཁག་གིས་ གནང་བ་བྱིན་ཆོགཔ་སྦེ་ཨིན་རུང་ ས་ཁོངས་དེ་ ས་མཚམས་ཀྱི་ཉེ་འདབས་ལུ་ ཚུད་ནི་དེ་གིས་ བསྟུན་གྲོས་འབད་དགོཔ་ ཐོན་ཡོདཔ་ཨིན་པས།

སྤང་ལ་དཀར་ཆུང་གི་ས་ཁོངས་ནང་ ནཱ་རོ་རྒེད་འོག་གི་ མི་སེར་བརྒྱ་ཆ་༥༠དེ་ཅིག་སྡོད་མི་ཡོདཔ་ལས་ ལམ་བསལ་བ་ཅིན་ དེ་ཁའི་མི་སེར་ཚུ་ལུ་ཡང་ ཕན་ཐོགས་ནི་ཨིནམ་ལས་ རྒེད་འོག་༢ ཀྱིས་ གཅིག་ཁར་སྦེ་ གྲོས་གཞི་བཙུགས་པ་ཅིན་ སྒྲིང་སྒྲི་འགྱོ་ནི་མས་ཟེར་ གླིང་བཞི་རྒེད་འོག་གི་ ངོ་ཚབ་ཅིག་གིས་ བཤདཔ་ཨིན་པས།

ཐིམ་ཕུག་རྫོང་རབ་ བཀྲིས་རྒྱལ་མཚན་གྱིས་ མི་སེར་ཚུ་ལུ་ དཀའཝ་དཔྱད་པའི་སྐོར་ལས་ གཞུང་གིས་མ་ཤེསཔ་མེད་རུང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ཐད་ཁར་ལྷོདཔ་ད་ ག་ཅི་ལས་ཡང་ ལྟག་ལུ་བཞག་དགོཔ་ལས་ ཞུ་བ་འབད་ནི་ལུ་ཡང་ ཞུ་ཐབས་ག་དེ་སྦེ་འོང་ག་ དོགས་པ་ཆགསཔ་མས་ཟེར་ བཤདཔ་ཨིན་པས།

རྫོང་རབ་ཀྱིས་ གནད་དོན་དེ་ ཧེ་མ་ལས་ བཀའ་ཁྲིམས་བཀོད་ཚོགས་ལུ་ ཞུ་བ་འབད་དེ་ཡོདཔ་ལས་ མ་ཞུ་བར་བཞག་པ་ཅིན་ ག་དེ་སྦེ་ མཚམས་ག་ཟེར་བཤད་ཡོདཔ་ད་ ཧེ་མ་ཡང་ ལོ་རྒྱུས་ཐོན་ཡོདཔ་ལས་ ལོ་རྒྱུས་དེ་ ལོག་སྟེ་ ང་བཅས་ལུ་ར་ ལྷོད་ནི་ཨིནམ་ལས་ སྟབས་མ་བདེཝ་ཡོད་ཟེར་ བཤད་ཡོདཔ་ད་ གནང་བ་སྤྲོད་ནིའི་དབང་ཆ་དེ་ བཀའ་ཁྲིམས་བཀོད་ཚོགས་ལུ་ཡང་ མེད་ཟེར་ཨིན་པས།

སྤ་རོ་ལས་ གླིང་བཞི་རྒེད་འོག་ནང་འགྱོ་བ་ཅིན་ ཉིན་ལམ་གཅིག་གི་ས་ཁར་ཨིན་རུང་ བར་གཤོང་ལས་སྦེ་འགྱོ་བ་ཅིན་ ཉིན་ ལམ་༣ གྱི་ས་ཁར་འབདཝ་ལས་ དེ་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་ཡོད་ཟེར་ཨིན་པས།

འཐུས་མི་ཚུ་གིས་ གནད་དོན་དེ་ ཧེ་མ་ལས་ བཀའ་ཁྲིམས་བཀོད་ཚོགས་ནང་ བཙུགས་ཏེ་ཡོདཔ་ལས་ ད་རུང་ ལོག་ བཙུགས་ནི་ལུ་ འོས་ལྡན་ཅིག་ མི་མཐོང་ནི་ཨིནམ་ལས་ གཞུང་གིས་སྦེ་ བཙུགས་པ་ཅིན་ཟེར་བའི་ བསམ་འཆར་ཚུ་ཡང་ ཞུ་ཡོདཔ་ཨིན་པས།

ནཱ་རོ་རྒཔོ་ དགོནམ་ཚེ་རིང་གིས་ ས་ཁོངས་དེ་ ནཱ་རོ་རྒེད་འོག་ནང་ཨིན་རུང་ ལམ་དེ་གིས་ ཕན་པ་ཁོང་ལུ་ཡོདཔ་ལས་ དགུན་ རྒྱགས་སྐལ་ཚུ་འགྲིག་པའི་སྐབས་ གཡག་དང་རྟ་ཚུ་ གཏང་བཞག་ས་དེ་ དེ་ནང་ཨིནམ་ལས་ བྱ་སྟབས་མ་བདེཝ་ཡོད་ཟེར་བཤདཔ་ཨིན་པས།

དེ་མ་ཚད་ ཞིང་ལམ་ཆུང་ཀུ་ཅིག་བྱིན་པ་ཅིན་ ནཱ་རོ་རྒེད་འོག་ལུ་ཡང་ དཀའཝ་སྤྱད་དགོཔ་ མི་འཐོན་ནི་ཨིནམ་ལས་ རྒེད་འོག་༢ ཀྱི་དོན་ལུ་ ལམ་དེ་གིས་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ རྒཔོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *