གླང་ཨརཝ་བརྐུ་སྟེ་བསད་མི ཕོ་སྐྱེས་༥ ཁྲིམས་སྲུང་འགག་སྡེའི་ དོ་དམ་ འོག་ལུ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ བུམ་ཐང་ལུ་ གླང་ཨརཝ་བརྐུ་སྟེ་བསད་མི་ ཕོ་སྐྱེས་༥ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ལས་ འཕྲལ་མགྱོགས་ར་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ནི་ཨིན་པས།

དེ་ཡང་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ གླང་༡ ཨརཝ་བརྐུ་སྟེ་ ནགས་ཚལ་ནང་ བདའ་འགྱོ་སར་ མཐོང་ཡོད་པའི་སྐོར་ལས་ གཡུས་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ རྒྱལ་མཁར་གཡུས་ཚན་གྱི་མཇུག་ལུ་ ནགས་ཚལ་ཆུང་ཀུ་ཅིག་ནང་ ལྷོད་པའི་བསྒང་ལས་ གླང་དེ་ བསད་ཚར་ནུག་ཟེར་ཨིན་པས།
ཕོ་སྐྱེས་༥ ལས་༢ རྒྱ་གར་གྱི་ མི་ཁུངས་ཨིནམ་ད་ རྒྱ་གར་གྱི་ ཕོ་སྐྱེས་༢ ལས་༡ ལྕམ་ཁར་ལུ་ ཤ་ཁང་བཙུགས་སྡོད་མི་ཅིག་ཨིན་པའི་ཁར་ ཕོ་སྐྱེས་གཞན་དེ་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་འབདཝ་ཨིན་པས།
དེ་ལས་ འབྲུག་མི་༣ ལས་༢ ཤ་ཁང་ནང་ ལཱ་འབད་མི་དང་ གཞན་མི་དེ་ དངུལ་ཁང་ཅིག་གི་ སྲུང་རྒྱབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཤ་ཁང་བཙུགས་མི་ རྒྱ་གར་གྱི་ ཕོ་སྐྱེས་དེ་གིས་ དངུལ་ཁང་གི་ སྲུང་རྒྱབ་དེ་ལུ་ གལ་སྲིད་ བདག་མེད་སྦེ་བཞག་མི་ སྒོ་ནོར་སེམས་ཅན་ཚུ་ འོང་ས་མཐོང་པ་ཅིན་ ཐགཔ་བཏགས་བཞག་སྟེ་ ཁོ་ལུ་ སླབ་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཕོ་སྐྱེས་དེ་གིས་ སེམས་ཅན་བསད་མི་༢ བཏང་ཐོག་ལས་ ཤ་ཚུ་ ཁོ་རའི་ཚོང་ཁང་ནང་ འབག་འོང་སྟེ་ བཙོང་ཡོདཔ་བཞིན་དུ་ ཤ་ཚུ་ཡང་ རྩི་རང་ལས་ འབག་འོང་ཡོདཔ་སྦེ་སླབ་སྟེ་ གོང་ཚད་ཚུ་ཡང་ མཐོ་སུ་སྦེ་ བཙོང་སྡོད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ ཤ་ཚོང་པ་དེ་གིས་ སྲུང་རྒྱབ་དེ་ལུ་ བར་འཐུས་ཚུ་ཡང་ སྤྲོད་ནུག་ཟེར་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ ད་ཚུན་གྱི་བར་ན་ མི་ཚུ་ལས་ ནོར་སེམས་ཅན་ཚུ་ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ག་ནི་ཡང་ མ་ལྷོདཔ་ཨིན་རུང་ ད་རེས་ ཕོ་སྐྱེས་༥ འཛིན་བཟུང་འབད་བའི་ཤུལ་ལུ་ ཉོགས་བཤད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་དེས་ཟེར་ཨིན་པས།
གླང་ཤ་ཀེ་ཇི་༣༡༠ འབད་མི་དེ་ཡང་ འབྲུག་སོ་ནམ་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ འཕྱོག་བཟུང་འབད་དེ་ ས་འོག་ལུ་ བཙུགས་ཡོདཔ་མ་ཚད་ ཉེས་བྱ་ཚུ་ཡང་ བཀལ་ཡོདཔ་ཨིན་པས།
དབང་འཛིན་གྱི་འགོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༡༠ རེ་རྩིས་རྐྱབ་ད་ ཉེས་བྱ་དངུལ་ཀྲམ་༦༥,༡༠༠ ཕོག་མི་ལུ་ ལོག་ལྟབ་ཡར་སེང་ཐོག་ དངུལ་ཀྲམ་༡༣༠,༢༠༠ བཀལ་ཡི་ཟེར་ཨིན་པས།
བུམ་ཐང་ལུ་ སྡོད་མི་ཚུ་གིས་ བསམ་འཆར་བཤད་མིའི་ནང་ ལྕམ་མཁར་ལུ་ བདག་མེད་སྦེ་བཞག་མི་ ནོར་སེམས་ཅན་ ལེ་ཤ་ཅིག་ར་ཡོདཔ་ལས་ དེ་བཟུམ་མའི་ བྱ་ངན་ཚུ་འཐབ་ཡོདཔ་ འོང་ནི་མས་ཟེར་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ ཉི་མ་དབང་འདུས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *