ཉམས་བཅོས་འབད་རན་མི་ གླང་མཐིལ་རྒེད་འོག་ལྟེ་བའི་ལམ།

གླང་མཐིལ་རྒེད་འོག་ལྟེ་བའི་ལམ་ ཉམས་བཅོས་འབད་རན་ཡོདཔ།

 

༉ རེད་འཕེལ་ཀོ་ཤ་ལའི་ ཕྲང་ལམ་ལུ་བརྟེན་ གླང་མཐིལ་རྒེད་འོག་ལྟེ་བའི་ལམ་དེ་ ཟུར་ལམ་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སྣུམ་འཁོར་ག་ར་ ཕྲང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ལུ་བརྟེན་ཨིན་པས།
རྒེད་འོག་ལྟེ་བ་དེ་ ཧེ་མའི་གཞུང་ལམ་གྱི་ ཉེ་འདབས་ལུ་ཨིནམ་བཞིན་དུ་ རྩི་ནག་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ལམ་དེ་ལག་ལེན་འཐབ་མི་ གངམ་མེད་པའི་ཁར་ ཉམས་བཅོས་ཡང་ འབད་ནི་རན་ནུག།
དེ་བཟུམ་སྦེ་ སྟོང་ཏོ་འཕེལ་སྤྱི་འོག་གི་ མི་སེར་ཚུ་ཡང་ ཕར་ཚུར་འགྲོ་འགྲུལ་འབད་ནིའི་དོན་ལུ་ སྣུམ་འཁོར་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ད་ ཕྲང་ལམ་ཚུན་ སྣུམ་འཁོར་འཚོལ་ནིའི་དོན་ལུ་ དུས་ཡུན་སྐར་མ་༣༠ དེ་ཅིག་ རྐང་སྟོང་འགྱོ་དགོ་དོ་ཡོདཔ་ཨིན་པས།
སྟོང་ཏོ་འཕེལ་ལས་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཕྲང་ལམ་བཏོན་མི་དེ་གིས་ སྤྱིར་བཏང་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ རྒེད་ནང་འགྱོ་བའི་སྐབས་ སྣུམ་འཁོར་མ་ཐོབ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
རྒེད་འོག་གི་ལམ་ ལེགས་ཤོམ་མེད་མི་ལུ་བརྟེན་ རྒེད་འོག་གི་ ལས་བྱེདཔ་ཚུ་ལུ་ཡང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
གླང་མཐིལ་རྒེད་འོག་གི་ དམངས་མི་ཚེ་རིང་གིས་ སླབ་མིའི་ནང་ ཕྲང་ལམ་ལུ་བརྟེན་ རྒེད་འོག་དེ་ ཟུར་ཁར་བཏོན་ཡོདཔ་ལས་ ཧེ་མ་ ལམ་དེ་ གཞུང་ལམ་འབདཝ་ལས་ ཉམས་བཅོས་ཚུ་ དུས་ཚོད་ཁར་འབད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ཕྲང་ལམ་བསལ་ཞིནམ་ལས་ ཉམས་བཅོས་མ་འབད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་དང་ ལམ་སེལ་ལས་ཁུངས་ལུ་ ལམ་ཉམས་བཅོས་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་རུང་ ད་ཚུན་ ག་ནི་ཡང་ མ་འབད་བར་ཡོད་ཟེར་ཨིནམ་ད་ ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ འབད་དགོཔ་བཞིན་དུ་ རྒེད་འོག་ཁ་ཐུག་ལས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ལམ་ཉམས་བཅོས་འབད་ནི་དེ་ཡང་ གླང་མཐིལ་ཁྲོམ་ལས་ རྒེད་འོག་ཁ་ཐུག་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ དེ་ཡང་ མི་རློབས་མང་སུ་ཅིག་ ལམ་དེ་ཁར་ལས་ འོང་དགོ་མི་ལུ་བརྟེན་ཨིན་པས།
ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཕྲང་ལམ་བཏོན་མི་དེ་གིས་ ལམ་རྙིངམ་དེ་ དག་མེད་མི་བཞག་ཟེར་ཨིནམ་ད་ ད་ལྟོ་ འཆར་དངུལ་མེདཔ་ལས་ འབད་ཐབས་མ་བྱུང་ཟེར་ཨིནམ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་ལུ་ རྒྱབ་སྐྱོར་གྱི་ཞུ་བ་འབད་ཡོདཔ་ལས་ འཆར་དངུལ་འཐོབ་པ་ཅིན་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *