༉ ད་ལྟོ་ མོ་བཏབ་ཐོག་ལས་ འཛུགས་སྐྱོང་འབད་མི་ དངུལ་ཐོག་ཨ་ལཱན་ཅི་ཚུ་ ལེགས་ཤོམ་སྦེ་ སྐྱེ་བཏུབ་པ་ཅིན་ ཀྲོང་གསར་ གླང་མཐིལ་རྒེད་འོག་གི་ མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ སྡོད་མི་ཚུ་བཟུམ་སྦེ་ ཨ་ལཱན་ཅི་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
མོ་བཏབ་འཛུགས་སྐྱོང་དེ་ཡང་ ཀྲོང་གསར་ གླང་མཐིལ་རྒེད་འོག་ དང་དུང་གཡུས་ཚན་གྱི་ ཉེ་འདབས་ལུ་ སྟག་རྩེ་གཡུས་ཚན་ལས་ ཁྱིམ་གུང་༥ འབད་མི་ སོ་ནམ་པ་སྡེ་ཚན་ཅིག་གིས་ འབད་དོ་ཡོདཔ་ཨིན་པས།
དེའི་དོན་ལུ་ ཁོང་གིས་ ད་ལྟོ་ཚུན་ རྩེ་རི་བརྫམས་ཏེ་ མེ་བཏང་ཐོག་ལས་ ས་དོང་ཚུ་ཡང་ རྐོ་ཚར་ཡོདཔ་མ་ཚད་ ར་བ་ཡང་ བསྒོར་ཏེ་འདུག།
དེ་བཟུམ་སྦེ་ ད་རེས་ ཆུ་མཛོད་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ བཟོ་སྐྲུན་གྱི་དོན་ལུ་ བྱེམ་ཚུ་ཡང་ འབག་སྐྱེལ་བའི་བསྒང་འདུག།
སྡེ་ཚན་དེ་གི་ འགོ་འདྲེན་པ་ སྐྱེས་ལོ་༥༥ འབད་མི་ ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ས་ཆ་དེ་ནང་ ས་དོང་༡༠༠ དེ་ཅིག་ རྐོ་ཚར་ཏེ་ཡོད་ཟེར་ཨིནམ་ད་ ཆུ་མཛོད་རྐྱབ་ཚར་ཞིནམ་ལས་ སོན་ལེན་པར་ དགེ་ལེགས་ཕུག་ལུ་ འགྱོ་ནི་ཨིན་ཟེར་ཨིན་པས།
ལས་འགུལ་དེ་ཡང་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ རྒེད་འོག་ནང་ ད་ལྟོ་ཚུན་ ཨ་ལཱན་ཅི་ཚུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དེ་མེདཔ་ལས་ ད་རེས་ མོ་བཏབ་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ད་ལྟོ་ཚུན་ རྒེད་འོག་ནང་ དུམ་གྲ་རེ་ འཛུགས་སྐྱོང་འབད་མི་ཚུ་ལུ་ དྲི་ཞིབ་འབད་བའི་ཁར་ ཁོ་ར་ཡང་སོང་སྟེ་ ལྟ་ཞིབ་འབད་ཡོད་མི་ལུ་ གཞི་བཞག་པ་ཅིན་ ལེགས་ཤོམ་སྦེ་ སྐྱེ་བཏུབ་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ མ་གཞི་ ཨ་ལཱན་ཅི་ཤིང་ཚུ་ ལེགས་ཤོམ་སྦེ་སྐྱེས་རུང་ རྡོག་མ་བཏགས་མི་བཏུབ་དོ་ཡོདཔ་སྦེ་ སླབ་མི་ལུ་བལྟ་སྟེ་ དོགས་པ་དུམ་གྲ་ཅིག་ ཆགསཔ་མས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྡེ་ཚན་དེ་གིས་ དངུལ་ཐོག་ཨ་ལཱན་ཅི་ རྐྱངམ་གཅིག་མེན་པར་ ཤིང་འབྲས་ཀྱི་རིགས་ ཨམ་ཅུ་ཀུ་ལི་དང་ གུ་ལི་ ཚལ་ལུ་ དེ་ལས་ སྦྲམ་ཟས་ཚུ་ཡང་ འཛུགས་སྐྱོང་འབད་ཨིན་ཨིནམ་ལས་ ཨ་ལཱན་ཅི་ཤིང་༣༠༠ དང་ ཤིང་འབྲས་གཞན་༥༠༠ དེ་ཅིག་ འཛུགས་སྐྱོང་འབད་འོང་ཟེར་ཨན་པས།
ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ཤིང་འབྲས་ལྡུམ་ར་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ མ་འོངས་པར་ སོ་ནམ་ཞིང་ལཱ་ རྐྱངམ་གཅིག་ལུ་བརྟེན་ ཡུན་བརྟན་ཐོག་ འཚོ་སྐྱོང་འཐབ་ཚུགས་པར་ ལཱ་ཁག་རྐྱབ་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཨ་ལོ་ཚུ་ཡང་ མང་ཤོས་ཅིག་ར་ དཔེ་ཆ་ལྷབ་ཐོག་ལས་ གཡོག་འཚོལ་བར་འགྱོ་དོ་ཡོདཔ་ལས་ ཁྱིམ་ནང་ མི་སྟོབས་མ་ལང་པའི་ཁར་ རི་དྭགས་སེམས་ཅན་གྱི་ གནོད་སྐྱོན་ཚུ་ཡང་ བྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།
གླང་མཐིལ་ལས་ ཉི་མ་དབང་འདུས།