ཉ་གསོ་སྐྱོང་ས་ཁོངས།

གླང་ཅན་ཕུག་རྒེད་འོག་ནང་ ཉ་གསོ་སྐྱོང་འཐབ་མི་ཚུ་ལུ་ ཆུ་ལངམ་སྦེ་མེད་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ནང་ ལོ་བསྟར་བཞིན་དུ་ ཉ་གསོ་སྐྱོང་འཐབ་མི་ ཡར་འཕར་འགྱོ་དོ་ཡོདཔ་བཞིན་དུ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་ཡོད་རུང་ ཆུ་ལངམ་སྦེ་མེད་པའི་དཀའ་ངལ་ལུ་བརྟེན་ མི་སེར་ཚུ་ སྤྲོ་བ་ཉམས་དོ་ཡོདཔ་ཨིན་པས།
རྒེད་འོག་ནང་ ཉ་གསོ་སྐྱོང་འཐབ་མི་དེ་གིས་ མི་སེར་ཉམ་ཆུང་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ ལྷན་ཐབས་བྱུང་ཡོད་རུང་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ ཉ་ཚུ་ཤི་དོ་ཡོདཔ་མ་ཚད་ ཆུ་ཡང་སོར་མི་ཚུགས་དོ་ཡོདཔ་ལས་ གཙང་སྦྲ་ཡང་ བཏོན་མི་ཚུགས་དོ་ཡོདཔ་ཨིན་པས།
ཉ་གསོ་སྐྱོང་སྡེ་ཚན་གྱི་ཁྲི་འཛིན་ མོང་གཱལ་སིང་སུ་བྷ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ མི་ཚུ་གིས་ ཧེ་མ་ལས་ ཉ་གསོ་སྐྱོང་ཚུ་ འཐབ་ནི་ཡོད་ཟེར་ཨིནམ་ད་ ཨིན་རུང་ སྤྱི་ལོ་༢༠༡༣ དང་༢༠༡༤ དེ་ཅིག་ལས་ སྡེ་ཚན་ཅིག་ཡང་ གཞི་བཙུགས་ཡོདཔ་བཞིན་དུ་ ད་རེས་ སྡེ་ཚན་ནང་ འཐུས་མི་༣༡ དེ་ཅིག་ ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་གིས་ ཉ་རིགས་སིལ་བར་ཀབ་ ག་རསི་ཀབ་ ཀ་མཱན་ཀབ་དང་ མི་གེ་རེལ་ཚུ་ གསོ་སྐྱོང་འཐབ་དོ་ཡོདཔ་ད་ ཉ་གསོ་སྐྱོང་འཐབ་མི་ མང་ཤོས་ཀྱི་ ཆུ་རྫིང་ནང་ ཉ་༡༠,༠༠༠ ལྷགཔ་ཅིག་ཡོདཔ་ལས་ འོང་འབབ་ཡང་ ལེགས་ཤོམ་བཟོ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ དཀའ་ངལ་ངོ་མ་ར་ ཉ་གསོ་སྐྱོང་གི་དོན་ལུ་ ཆུ་མེད་མི་དེ་ཨིནམ་ལས་ རྒེད་འོག་ལུ་ ཚར་ལེ་ཤ་སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒེད་འོག་བདག་སྐྱོང་གིས་ ཞིང་ཆུའི་གཡུར་བ་ལས་ དུམ་གྲ་རེ་ རྒྱབ་སྐྱོར་འབད་བྱིན་རུང་ ལང་མི་ཚུགས་དོ་ཡོདཔ་ལས་ དཀའ་ངལ་དེ་ བསལ་མི་ཚུགས་པས་ཟེར་ཨིན་པས།
ཁྲི་འཛིན་གྱིས་ སླབ་མིའི་ནང་ ཉ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ དང་༢༥༠ དེ་ཅིག་སྦེ་ བཙོང་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ སྡེ་ཚན་གྱིས་ ཉ་ཀེ་ཇི་༦༠༠ དེ་ཅིག་ བཙོང་ཐོག་ལས་ དངུལ་ཀྲམ་༡༢༠,༠༠༠ དང་༡༥༠,༠༠༠ དེ་ཅིག་ བཟོ་ཡི་ཟེར་ཨིནམ་ད་ མི་ཚུ་གིས་ མང་ཤོས་ར་ ཉ་མི་གེ་རེལ་དེ་ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།
ཉ་གསོ་སྐྱོང་འཐབ་མི་ བིམ་སིང་སུ་བྷ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལས་ ཉ་༡༠,༠༠༠ ལྷགཔ་ཅིག་ ནང་འདྲེན་འབད་དེ་ བཙུགས་ཅི་ཟེར་ཨིནམ་ད་ ཉ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥༠ དེ་ཅིག་ སྤྲོད་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ཊིན་ནང་ ཉ་ལེ་ཤ་འོང་དོ་ཡོད་རུང་ འཕྲལ་འཕྲལ་ཉུང་སུ་འོང་དོ་ཡོདཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ ཆར་ཆུ་དང་ ཞིང་ཆུ་གཞན་ཚུ་གིས་ དུམ་གྲ་རེ་ ཕན་ཐོགས་བྱུང་དོ་ཡོད་རུང་ གནམ་དགུན་ཟླཝ་༣ དེ་ ཆུ་རྩ་ལས་ འོང་ནི་མེད་ནི་དེ་གིས་ ཉ་ཚུ་ཤི་དོ་ཡོདཔ་ལས་ རྒུད་སྦོམ་ཡོད་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ ཆུ་བཏོན་བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཉ་གསོ་སྐྱོང་འཐབ་མི་གཞན་ཚུ་གིས་ སླབ་མིའི་ནང་ ཉ་ཚུ་ལུ་བྱིན་མི་ ཀརྨ་ཕིཌ་དེ་ གོང་སྦོམ་གནས་དོ་ཡོདཔ་ལས་ རྩྭ་དང་ གེ་ཟའི་ཐོན་སྐྱེད་ཚུ་ བྱིན་དོ་ཟེར་ཨིནམ་ད་ གནམ་དགུན་ལུ་ ཆུ་མེད་ནི་དེ་གིས་ ཉ་ཚུ་མང་ཤོས་ར་ གནམ་དགུན་ལུ་ བཙོང་དོ་ཟེར་ཨིནམ་བཞིན་དུ་ འཕྲལ་མགྱོགས་ར་ དཀའ་ངལ་སེལ་ཐབས་མ་འབད་བ་ཅིན་ ཉ་གསོ་སྐྱོང་འཐབ་མི་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།
གླང་ཅན་ཕུག་གི་རྒཔོ་ གུ་མཱན་སིང་གེ་ལཱལ་གྱིས་ སླབ་མིའི་ནང་ རྒེད་འོག་ནང་ ཉ་གསོ་སྐྱོང་འཐབ་མི་ ལེ་ཤ་ཡོད་རུང་ མང་ཤོས་ར་ བྱང་ས་སྤྱི་འོག་དང་ རོང་ཆུ་ཐང་སྤྱི་འོག་༢ ནང་ ཡོདཔ་བཞིན་དུ་ ཧེ་མ་ཆུ་གཡུར་ཚུ་ འཕྱགས་བདའ་ཡོདཔ་ལས་ སྤྱི་འོག་༢ ནང་ ཆུ་མེད་པའི་ དཀའ་ངལ་སྡོད་ཅི་ཟེར་ཨིན་རུང་ རྒེད་འོག་གིས་ ཉམས་བཅོས་འབད་དེ་ བརྒྱ་ཆ་༩༠ དེ་ཅིག་ བསལ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ནང་ ད་རུང་ ཆུ་གཡུར་དེ་ འཕྱགས་བདའ་ཡོདཔ་ལས་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཆུའི་དཀའ་ངལ་སྦོམ་ཤོས་ར་ གླང་ཅན་ཕུག་སྤྱི་འོག་ནང་ཡོད་རུང་ འཕྲུལ་རིག་མཁས་མཆོག་མེདཔ་ལས་ རྒེད་འོག་གིས་ སེལ་ཐབས་མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་བདག་སྐྱོང་གིས་ གླང་ཅན་ཕུག་སྤྱི་འོག་ནང་ ཆུ་གཡུར་དེ་ སོ་ནམ་ལྷན་ཁག་གིས་ བཏོན་དགོ་པའི་ སྙན་ཞུ་འབད་ཡོདཔ་བཞིན་དུ་ གཙོ་ཅན་ལས་རིམ་ནང་ བཙུགས་ཡོདཔ་ལས་ ད་རེས་ཀྱི་ རྩིས་ལོའི་ནང་ར་ འགོ་བཙུགས་ནི་སྦེ་ སླབ་དོ་ཡོདཔ་ལས་ དཀའ་ངལ་བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ རྒཔོ་གིས་ བཤད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *