གླང་ཅན་ཕུག་ལུ་ འབྱ་ཞིང་ཚུ་ སྐམ་འགྱོ་བའི་མཐོང་སྣང་།

གླང་ཅན་ཕུག་གི་ སོ་ནམ་པ་ཚུ་གིས་ ཧེ་མ་བཟུམ་སྦེ་ འབྱ་བསྡུ་མི་ཚུགས་ནི།

༉ ད་རེས་ བསམ་གྲུབ་ལྗོངས་མཁར་གྱི་ རྒེད་འོག་གཞན་ཚུ་ནང་ ལོ་༡ གི་རིང་ སོ་ནམ་གྱི་ ལཱ་འབད་བའི་ འབྲས་བུ་བསྡུ་བའི་བསྒང་ཡོདཔ་མ་ཚད་ ལ་ལོ་ཅིག་ནང་ ལོ་ཐོག་བསྡུ་ནི་གི་ གྲ་སྒྲིག་འབད་བའི་བསྒང་ཡོད་རུང་ གླང་ཅན་ཕུག་རྒེད་འོག་གི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་སྡོད་ནུག།

དེ་ཡང་ ཞིང་ཆུ་ལངམ་སྦེ་མེདཔ་ལས་ འབྱ་སྐམ་དོ་ཡོདཔ་མ་ཚད་ ཕྱེམ་ལ་བཟུམ་ཡོད་མི་ འབུབ་ཚུ་གིས་ འབྱ་ཞིང་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཨིན་པས།

གླང་ཅན་ཕུག་སྤྱི་འོག་ ཏ་ལ་བཱསི་ཏི་ལུ་ ཆུ་ཞིང་ཨེ་ཀར་༩ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་མི་འབྱ་ཚུ་ སྐམ་ཡོདཔ་ད་ སྐྱེས་ལོ་༤༤ ལང་མི་ སོ་ནམ་པ་ བཀྲིས་སྨོན་ལམ་གྱིས་ སླབ་མིའི་ནང་ ལོ་ཨ་རྟག་ར་ དུས་ཚོད་དེ་ཅིག་ཁར་ ཁོ་གི་འབྱ་ཞིང་དེ་ སེར་དིང་དིང་སྦེ་ མཐོང་ནི་ཡོད་རུང་ དུས་ཅི་ འབྱ་ག་ར་ སྐམ་སོ་ནུག་ཟེར་ཨིན་པས།

ཆུ་ཞིང་ཨེ་ཀར་ཨེ་ཀར་༢ དེ་ཅིག་ཡོད་མི་ བཀྲིས་སྨོན་ལམ་གྱིས་ སླབ་མིའི་ནང་ ལཱ་རྩ་འགེངས་འབད་མི་དེ་ དོན་མེད་སོང་ཡོདཔ་ལས་ རྒྱ་ཆུམ་ཉོ་དགོཔ་ འཐོན་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ལྕང་སོན་ཚུ་ ཧེ་མ་ལས་ འབལ་བཞག་ཡོད་རུང་ དྲུང་ཁག་ནང་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་སྟེ་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་བརྟེན་ འཛུགས་སྐྱོང་འབད་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།

སྐྱེས་ལོ་༦༢ ལང་མི་ སོ་ནམ་པ་ ཚེ་རིང་དཔལ་འབྱོར་གྱིས་ འབྱ་དེ་ཚུ་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ དུས་ཚོད་ཁར་ འཛུགས་སྐྱོང་འབད་མ་ཚུགས་ཟེར་ བཤད་པའི་ཁར་ ད་རེས་ འབྱ་དེ་ཚུ་སྐམ་ཏེ་ ཤི་མི་དེ་ཡང་ ཞིང་ཆུ་ལངམ་སྦེ་ མེད་མི་ལུ་བརྟེན་ འོང་ནི་དང་ དེ་གུ་ འབུབ་ཚུ་གིས་ཡང་ གནོད་སྐྱོན་རྐྱབ་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གཡུས་ཆུམ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ དེ་རེ་ འཐོབ་ནི་ཡོད་རུང་ ད་རེས་ ཐོག་བསྡུ་ནི་མེད་པའི་བསྒང་ལས་ སང་ཕོད་ ཆུམ་ཉོ་སྟེ་བཟའ་དགོཔ་ འཐོན་ནི་མས་ཟེར་ཨིན་པས།

སུག་བྷ་དུར་རའེ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཆུམ་ལངམ་སྦེ་ ཐོན་སྐྱེད་འབད་ནི་ཡོདཔ་ལས་ ནང་འདྲེན་འབད་མ་དགོ་པར་ བཟའ་འཐུང་གི་ ཉེན་སྲུང་ལུ་ ལྷན་ཐབས་འབདཝ་ཨིན་རུང་ ད་རེས་ འབྱ་དེ་ཚུ་ག་ར་སྐམ་ཏེ་ ཤི་དོ་ཡོདཔ་ལས་ བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ནི་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒུད་འཐུས་འཐོབ་ནིའི་ རེ་བ་བསྐྱེད་ནི་མེད་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དཀའ་ངལ་སྔོན་འགོག་གི་ཐབས་ལམ་ བཏོན་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ འབྱ་དེ་ཚུ་ སྐམ་འགྱོ་སར་མཐོངམ་ད་ ཞིང་ཁར་འགྱོ་དགོ་མི་མནོ་བས་ཟེར་ བཤདཔ་ཨིན་པས།

སོ་ནམ་པ་གཞན་ཚུ་གིས་ སླབ་མིའི་ནང་ འབུབ་ཚུ་གིས་ འབྱ་ཚུ་ལུ་ གནོད་སྐྱོན་རྐྱབ་མས་ཟེར་ཨིནམ་ད་ ཕྱེམ་ལ་བཟུམ་ཡོད་མི་འབུབ་ཚུ་ ཧེ་མ་མཐོང་མ་མྱོང་པའི་ཁར་ སྨན་རྫས་གཏོར་རུང་ དེ་གིས་ཡང་ བཀག་མི་ཚུགས་ནི་མས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ འབུབ་དེ་ དུས་ཚོད་ཐུང་ཀུ་ཅིག་ནང་ དར་ཁྱབ་འགྱོ་དོ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་དང་ ཡང་ཅིན་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ ཕྱེམ་ལ་འབུབ་ཀྱིས་ འབྱ་ཚུ་ལུ་ གནོདཔ་བཀལ་ནི་ལས་ སྔོན་འགོག་འབད་ནིའི་ ཐབས་ལམ་བཏོན་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ སླབ་མིའི་ནང་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་སྐབས་ འགྲོ་འགྲུལ་བཀག་དམ་འབད་མི་དང་ ཞིང་རྨོ་འཕྲུལ་ཚུ་ལངམ་སྦེ་ མེད་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཆུ་ཞིང་ཨེ་ཀར་ཕྱེད་དང་༥ དེ་ཅིག་ནང་ འབྱ་ཚུ་ དུས་ཚོད་ཁར་ འཛུགས་སྐྱོང་འབད་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕྱེམ་ལ་འབུབ་དེ་ཚུ་ འབྱ་ཞིང་ནང་ འོང་དོ་ཡོདཔ་ལས་ ཞིང་ཆུ་ལངམ་སྦེ་དང་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ལུ་བརྟེན་ འབྱ་སྐམ་དོ་འོང་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ འབྱ་དེ་ཚུ་ཡང་ སྤྱི་ཟླ་༨ པ་ མཇུག་བསྡུ་ཁམས་ཅིག་ཁར་རྐྱངམ་གཅིག་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།

འབྱ་འཛུགས་སྐྱོང་གི་དོན་ལུ་ ཚར་༣ དེ་ཅིག་ ཞིང་རྨོ་དགོ་དོ་ཡོདཔ་ད་ ད་རེས་ འབྱ་གི་ཐོན་སྐྱེད་ ལེགས་ཤོམ་མེད་མི་དེ་ དུས་ཅི་ སོ་ནམ་པ་ཚུ་གིས་ ཚར་༡ རྐྱངམ་གཅིག་ ཞིང་རྨོ་ཞིནམ་ལས་ འཛུགས་སྐྱོང་འབད་ནུག་ཟེར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *