གླ་འཁོར་དེད་གཡོགཔ་ཅིག་ལུ་ གནོདཔ་བཀལ་མི་འཛིན་བཟུང་།

༉ དགེ་ལེགས་ཕུག་ གསེར་གཞོང་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ གླ་འཁོར་གྱི་ དེད་གཡོགཔ་ཅིག་ལུ་ ཀ་ཀྲ་ལ་ཅིག་གིས་ གསོབ་ཡོད་པའི་ དོགས་པ་ལུ་བརྟེན་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ཁ་ཙ་དྲོ་པ་ཁམས་ཅིག་ཁར་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་བདའ་སྟེ་ ས་གནས་འཇིགས་མེད་གླིང་གི་ སྦོ་ལོགས་ཁར་ བྱུང་ཡོདཔ་ད་ སྐྱེས་ལ་༤༢ ལང་མི་ དེད་གཡོགཔ་གིས་ སླབ་མིའི་ནང་ དོགས་ཅན་གྱིས་ ཁོ་གི་ གླ་འཁོར་དེ་ འཇིགས་མེད་གླིང་ལུ་ འོང་ནི་དང་ ལོག་འགྱོ་ནིའི་དོན་ལས་ བདའ་འོང་ཡི་ཟེར་ཨིན་པས།
ཉམས་རྒུདཔ་གིས་འབད་བ་ཅིན་ རྒྱུན་འགྲུལ་འཐབ་པའི་སྐབས་ དོགས་ཅན་དེ་ འགྲུལ་འཕྲིན་ནང་ གཞན་ཅིག་དང་ བློ་སླབ་སྟེ་ འདུ་འཛིན་ཅན་སྦེ་ སྡོད་པའི་བར་ན་ ཁོ་གིས་ སྣུམ་འཁོར་གྱི་ མེ་ལོང་ནང་བལྟཝ་ད་ རྒྱབ་ཁའི་སྡོད་ཁྲི་ལས་ དོགས་ཅན་དེ་གིས་ ཀ་ཀྲ་ལ་སེརཔ་ཅིག་ ལག་ལེན་འཐབ་སྟེ་ ཁོ་ལུ་ གནོདཔ་བཀལ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་བསྒང་ ཁོ་གིས་ དོགས་ཅན་གྱི་ ལགཔ་གཡསཔ་དེ་ བཤེད་ཚུགསཔ་མ་ཚད་ ཁོ་ར་ གླ་འཁོར་ཝེ་གཱོན་ཨར་ནང་ལས་ཕྱི་ཁར་ མཆོངས་ཚུགས་ཅི་ཟེར་ ཉམས་རྒུདཔ་གིས་ བཤད་ཡོདཔ་ད་ ཁོ་ལུ་ ཀ་ཀྲ་ལ་གིས་ ཁོ་རའི་ མ་མཁལ་འོག་ལུ་གསོབ་པའི་ རྨ་སྐྱོན་ཆུང་ཀུ་ཅིག་ལས་བརྒལ་ མ་བྱུང་པས།
གླ་འཁོར་དེད་གཡོགཔ་དེ་ རྦོབ་རིལ་བའི་སྐབས་ དོགས་ཅན་གྱིས་ ཁོ་གི་ གླ་འཁོར་བདའ་སྟེ་ གསར་སྤང་ཁ་ཐུག་ལུ་ སོང་པའི་ཤུལ་ལས་ བདེ་སྐྱིད་གླིང་རྒེད་འོག་ ཆོས་འཁོར་གླིང་གི་ སྦོ་ལོགས་ཁར་ ཀཱར་དེ་ མགོ་མཇུག་ལོག་བཏང་ནུག་ཟེར་ཨིནམ་ད་ དོགས་ཅན་དེ་ལུ་ རྨ་སྐྱོན་དུམ་གྲ་ཅིག་ བྱུང་ནུག་ཟེར་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ རྩོད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *