གླ་འཁོར་དེད་གཡོགཔ་༡ འདོད་སྤྱོད་གནོད་འཚེ་འབད་མི་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ གཞལམ་སྒང་ ཤིང་མཁར་ལས་ཨིན་མི་ སྐྱེས་ལོ་༣༨ ལང་མི་ གླ་འཁོར་དེད་གཡོགཔ་གིས་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་མི་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་ཁྲིམས་ཁྲི་༢ པ་གིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་བཏོན་མི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཆོས་སྐྱིད་དབང་ཕྱུག་གིས་ སྤྱི་ལོ་༢༠༡༨ ཟླ་༩ པའི་ཚེས་༢༥ ལུ་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ གྲུབ་འབྲས་ཐོན་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ད་ དེ་ཡང་ ཉེས་འཛུགས་ཅན་གྱིས་ ཐིམ་ཕུག་ཁྲོམ་གྱི་ སློབ་གྲྭ་ཅིག་གི་སློབ་ཕྲུག་ སྐྱེས་ལོ་༦ ལང་མི་ སློབ་ཕྲུག་བུམོ་དེ་ ཁོ་གི་ གླ་འཁོར་ནང་འཛུལ་བའི་ཤུལ་ལུ་ གནོད་འཚེ་འབད་ནུག་ཟེར་ཨིན་པས།
དེད་གཡོགཔ་དེ་གིས་ གླང་རྒྱུག་པར་ཁའི་ ཟམ་པ་ལུ་ལྷོདཔ་ད་ བུམོ་ཅུང་དེ་ གླ་འཁོར་ནང་ལས་བཏོན་བཞག་མི་དེ་ཡང་ ཁོ་གིས་ འདོད་སྤྱོད་གནོད་འཚེ་འབད་ནིའི་་ དཔའ་བཅམ་པའི་སྐབས་ སྔུ་མི་ལུ་བརྟེན་ཨིན་པས།
ཆོས་སྐྱིད་དབང་ཕྱུག་གི་ ཨམ་སྲུ་གིས་ ངོ་ཚབ་སྦེ་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ ཉིམ་ཤར་བའི་ཚ་དྲོད་ནང་ མོ་གི་རྨགཔ་གིས་ བུམོ་ཅུང་དེ་ སྣུམ་འཁོར་བཱསི་བཞག་སའི་ ས་ཁོངས་ནང་མཐོང་པའི་ཤུལ་ལས་ ཁྱིམ་སྒོ་ཚུན་ བསྐྱལ་ནི་སྦེ་ གླ་འཁོར་ནང་བཙུགས་ཏེ་ འོང་འོངམ་རྐྱངམ་གཅིག་ཨིན་ཟེར་ ཨིན་པས།
མོ་གི་རྨགཔ་གིས་ ཉི་མའི་ནང་སྡོད་མི་ བུམོ་ཅུང་དེ་ལུ་ ཆ་རོགས་འབད་ནི་སྦེ་ སྣུམ་འཁོར་ནང་བཙུགས་འོངམ་མ་གཏོགས་ འདོད་སྤྱོད་གནོད་འཚེ་འབད་ནུག་ཟེར་ བུམོ་གིས་ ཞུ་མི་དེ་ལུ་ ངོས་ལེན་མཛད་ནི་མི་འོང་ཟེར་ ཞུ་ནུག།
དེ་མ་ཚད་ ཉེས་འཛུགས་ཅན་གྱི་ ཨམ་སྲུ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ མོ་གི་རྨགཔ་དེ་ ཨ་ལོ་༤ གི་ ཕམ་ཅིག་ཨིནམ་མ་ཚད་ ཉིམ་དཀར་པོའི་ནང་ དེ་བཟུམ་གྱི་ བྱ་ངན་མི་འབད་ཟེར་ ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་རྩོདཔ་གིས་ ཁྲིམས་འདུན་ལུ་ ཞུ་གཏུགས་འབད་མིའི་ནང་ སྐྱེས་ ལོ་༦ ལང་མི་བུམོ་གིས་ གལ་སྲིད་ དེད་གཡོགཔ་གིས་ འདོད་སྤྱོད་གནོད་འཚེ་མ་འབད་བ་ཅིན་ དེ་བཟུམ་གྱི་ གཏམ་དང་ལོ་རྒྱུས་ཚུ་ སླབ་ནིའི་འོས་འབབ་མེད་ཟེར་ ཨིན་པས།
ཁྲིམས་རྩོདཔ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཉམས་རྒུདཔ་བུམོ་ཅུང་གི་ བཟའ་ཚང་ཅིག་ གིས་ སློབ་གྲྭ་ནང་ ཨ་ལོ་ལེན་པར་འགྱོ་བའི་སྐབས་ བུམོ་ཅུང་དེ་ ཟམ་པའི་མཐའ་མར་ སྔུ་སྡོད་ནུག་ ཟེར་ཨིན་པས།
ད་རུང་ གཞན་མི་བཟའ་ཚང་ཅིག་གིས་ བུམོ་དེ་ སྣུམ་འཁོར་ནང་བཙུགས་ཏེ་ འོང་པའི་ཞོར་ཁར་ ཉམས་རྒུདཔ་བུམོ་དེ་ ཟམ་པའི་སྦོ་ལོགས་ཁར་ སྔུ་སྡོད་སར་མཐོངམ་ལས་ སྣུམ་འཁོར་ནང་བཙུགས་ཏེ་ ཁྱིམ་ནང་ཚུན་ བསྐྱལ་བྱིན་རུང་ བློ་སླབ་མ་བཏུབ་པས་ཟེར་ ཨིན་པས།
བུམོ་ཅུང་དེ་གིས་ ཁྱིམ་ནང་ལྷོདཔ་ད་ ཨའི་ལུ་ གླ་འཁོར་དེད་གཡོགཔ་གིས་ མོ་ལུ་ འདོད་སྤྱོད་གནོད་འཚེ་འབད་ནིའི་ དཔའ་བཅམ་པའི་སྐོར་ལས་ སླབ་ཡོདཔ་ད་ ཨའི་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སི་སི་ཊི་བི་པར་ཆས་ནང་ཡང་ ཉེས་ཅན་ཕོ་སྐྱེས་དེ་གིས་ བུམོ་ཅུང་གི་ ལགཔ་བཤེད་ཡོདཔ་མ་ཚད་ བུམོ་དེ་ གདོང་ཁའི་སྡོད་ཁྲི་གུ་ སྡོད་བཅུག་ནུག་ཟེར་ མཐོང་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཆོས་སྐྱིད་དབང་ཕྱུག་ལུ་ ཉམས་རྒུད་པའི་མི་ཚེ་ནང་ སེམས་ནད་ཕོག་མི་ལུ་བརྟེན་ རྒུད་འཐུས་དངུལ་ཀྲམ་༤༥,༠༠༠ སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།
ཉེས་ཅན་གྱིས་ འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ མཐོ་གཏུགས་འབད་ཆོག་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *