ལས་གཡོག་ལྷན་ཁག་གིས་ ལཱ་དང་འབྲེལ་བའི་ སྦྱོང་ལཱ་སྐབས་ ཟླ་རིམ་ལྟོ་འཐུས་ དངུལ་ཀྲམ་༦,༠༠༠ རེ་སྤྲོདཔ་ཨིན་པས།

གླ་ཆ་མ་སེང་རུང་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་འོག་ལུ་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གི་ གླ་ཆ་ཡར་སེང་མི་འབད་ནི་སྦེ་ ཐག་བཅད་དེ་ཡོདཔ་ཨིན་པས།

མི་ལ་ལོ་ཅིག་གིས་ གླ་ཆ་ཡར་སེང་མ་འབད་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ ཐོན་འགྱོ་བའི་ ལོ་རྒྱུས་སླབ་མི་དེ་ མི་བདེན་ཟེར་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ཨིན་རུང་ ལྷན་ཁག་གིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ལཱ་གཡོག་མེད་མི་ཚུ་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ནང་འཛུལ་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།

ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་བཟོ་སྐྲུན་ལས་འགུལ་གྱི་ དངུལ་ཕོགས་སམ་ གླ་འཐུས་ཚུ་ ཧེ་མ་བཟུམ་སྦེ་ བཞག་ཡོད་ཟེར་ཨིནམ་ད་ ལས་འགུལ་ནང་ལས་ མི་དག་པ་ཅིག་ ཐོན་སོང་མི་དེ་ཡང་ དངུལ་ཕོགས་མེན་པར་ གནད་དོན་གཞན་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ འཛུལ་ཞུགས་འབད་མིའི་ གྱངས་ཁ་དེ་ ཡར་སེང་འགྱོ་བཞིན་དུ་ཡོད་ཟེར་ཨིནམ་ད་ ད་ཚུན་ ལས་རིམ་དེ་ནང་ལས་ མི་༨ རྐྱངམ་གཅིག་ ལཱ་བཤོལ་བཞག་སྟེ་ སོང་མི་དེ་ཡང་ ལཱ་གཡོག་ལེགས་ཤོམ་ ཐོབ་ཡོདཔ་མ་ཚད་ བདེ་སྲུང་གི་ སྒྲིག་གཡོག་རྒྱུག་པར་ སོང་ནུག་ཟེར་ཨིན་པས།

ལས་སྡེ་ཚུ་གིས་ ལས་་འགུལ་དེ་གི་འོག་ལུ་ ལཱ་འབད་མི་ རིག་རྩལ་མེད་མི་ཚུ་ལུ་ ཟླ་རིམ་གླ་འཐུས་ དངུལ་ཀྲམ་༡༢,༠༠༠ རེ་དང་ རྒྱལ་ཡོངས་ལག་ཁྱེར་འཆང་མི་ལུ་ དངུལ་ཀྲམ་༡༦,༥༠༠༠ ཌིབ་ལོ་མ་འཆང་མི་ལུ་ དངུལ་ཀྲམ་༡༥,༠༠༠ དེ་ལས་ མཐོ་རིམ་ཤེས་ཚད་ཡོད་མི་ལུ་ དངུལ་ཀྲམ་༡༨,༠༠༠ རེ་དང་ བཟོ་རིག་ཤེས་ཚད་ཡོད་མི་ལུ་ དངུལ་ཀྲམ་༢༠,༠༠༠ རེ་ བྱིན་དོ་ཡོདཔ་ཨིན་པས།

དེ་ལས་ དེ་གི་ཁ་སྐོང་སྦེ་ གཞུང་གིས་ གླ་འཐུས་བརྒྱ་ཆ་༢༥ རེ་ བྱིན་དོ་ཡོདཔ་ཨིན་པས།

ཧེ་མ་གཞུང་གིས་ འབྲུག་ཡུལ་བཟོ་སྐྲུན་འོག་ལུ་ ལཱ་འབད་མི་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ ད་རེས་ ལཱ་གཞན་ཚེ་དང་འཁྲིལཝ་ད་ རྡོ་བཟོའི་ལཱ་དེ་ གདོང་ལེན་ཅན་ཅིག་ཨིནམ་ལས་ ལས་གཡོག་ལྷན་ཁག་གིས་ རྡོ་བཟོ་དང་འབྲེལ་བའི་ ལཱ་འབད་མི་ཚུ་ལུ་ དངུལ་ཀྲམ་༣,༠༠༠ དེ་ཅིག་ ཡར་སེང་འབད་དེ་ཡོདཔ་ཨིན་པས།

འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་དེ་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་མ་ལང་པའི་ དཀའ་ངལ་དང་ གདོང་ལེན་སེལ་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༢༠ ཟླ་༧ པའི་ཚེས་༡ ལུ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ ལས་འགུལ་དེ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ ཆ་ཤས་ཅིག་ཡང་ཨིན་པས།

ལྷན་ཁག་གིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ད་ཚུན་ འབྲུག་ཡུལ་བཟོ་སྐྲུན་གྱི་ ལས་རིམ་ཅིག་ཨིན་མི་ ཐད་ཀར་འབྲེལ་འཛིན་ལས་རིམ་ཐོག་ལུ་ གཞུང་དང་སྒེར་གྱི་བཟོ་སྐྲུན་ནང་ ལཱ་གཡོག་མེད་མི་༧༧༦ དང་ འདས་པའི་ཟླཝ་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་དང་ ནི་ཀ་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་༦༥༧ བརྩིས་ཏེ་ བསྡོམས་ཀྱིས་མི་༡,༤༣༣ བཙུགས་ཡོདཔ་ཨིན་པས།

མ་གཞི་ ལྷན་ཁག་གིས་ ལས་རིམ་དེ་ནང་ ལོ་༡ གི་ནང་འཁོད་ལུ་ མི་༢,༥༠༠ དེ་ཅིག་ བཙུགས་ནི་སྦེ་ དམིགས་གཏད་བཀོད་མི་དེ་ གྲུབ་མ་ཚུགས་པར་ཡོདཔ་ད་ སྦྱོང་བརྡར་ལས་རིམ་ཐོག་ལུ་ མི་༩༨༨ དེ་ཅིག་ལུ་ ལག་ཤེས་དང་ འཕྲུལ་རིག་སྤེལ་ཁང་ནང་ རིག་རྩལ་མ་འདྲཝ་ཚུ་གི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

ལས་གཡོག་བློན་པོ་གིས་ ན་གཞོན་ཚུ་ཡང་ ལག་ཤེས་དང་འཕྲུལ་རིག་སྤེལ་ཁང་ཚུ་ནང་ རིག་རྩལ་མ་འདྲཝ་ཚུ་ གི་ སློབ་སྦྱོང་འབད་བའི་བསྒང་ཡོད་ཟེར་ བཤད་པའི་ཁར་ སྦྱོང་བརྡར་ཅན་གྱི་ ན་གཞོན་ཚུ་ ཚད་གཅིག་ལས་བརྒལ་མེདཔ་ལས་ ཁག་འབགཔ་ཚུ་གི་བར་ན་ དོ་འགྲན་འབད་མི་ཡང་ ཐོནམ་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་དོན་ལུ་ མ་དངུལ་ཡང་ལངམ་སྦེ་ཡོད་ཟེར་ཨིནམ་ད་ ལས་འགུལ་གཞི་བཙུགས་འབད་བའི་སྐབས་ འཆར་དངུལ་དངུལ་ཀྲམ་ས་ཡ་༧༢༦ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ད་རེས་ཀྱི་ རྩིས་ལོ་ནང་ དངུལ་ཀྲམ་ས་ཡ་༤༡༦ དེ་ཅིག་ ཆ་འཇོག་འབད་དེ་ཡོད་ཟེར་ཨིན་པས།

ལོ་ངོ་༢ ཀྱི་རིང་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་དེ་གིས་ ཉུང་ཤོས་ར་ ན་གཞོན་༧,༠༠༠ དེ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནིའི་ ལས་རིམ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *