མི་དམངས་ཚོགས་ཆུང་གི་ཁྲི་འཛིན་ དབང་འདུས་ཕོ་བྲང་གི་འཐུས་མི་ བཀྲིས་རྡོ་རྗེ་གིས་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ ཕུལ་བའི་བསྒང་།

གྲོས་འདེབས་ཁག་༩ ཕུལ་ཡོད་མི་ལས་༤ རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༡༠༡༠ ལས་༢༠༡༥ འི་བར་ན་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་འབད་ཡོདཔ་བཞིན་དུ་ དབང་འཛིན་གྱིས་ བརྟག་ཞིབ་འབད་མི་ལུ་ གཞི་བཞག་ཐོག་ལས་ གྲོས་འདེབས་ཁག་༩ ཕུལ་ཡོད་མི་ལས་ ལས་འཛིན་གྱིས་ གྲོས་འདེབས་༤ རྐྱངམ་གཅིག་ ཧྲིལ་བུམ་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
ཨིན་རུང་ གྲོས་འདེབས་གཞན་ ཆ་ཤས་ཅིག་ལས་བརྒལ་ ལག་ལེན་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ དབང་འདུས་ཕོ་བྲང་གི་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཚོགས་ཁང་ནང་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ ཕུལ་བའི་སྐབས་ ཤེས་རྟོགས་བྱུང་ཡི།
ལས་འཛིན་གྱི་ ལག་ལེན་འཐབ་མི་ གྲོས་འདེབས་ཚུ་ཡང་ ལས་འཛིན་གྱིས་ མི་སྡེ་དང་ ཚོང་འབྲེལ་གྱི་ལས་སྣ་གཉིས་ཆ་ར་ སྙན་ཞུ་འབད་ནིའི་ ལམ་ལུགས་གཞི་བཙུགས་འབད་ཡོདཔ་ད་ ལས་འཛིན་གྱིས་ མི་སྟོབས་སྲིད་བྱུས་དང་ འཛིན་སྐྱོང་ལེགས་བཅོས་འབད་དེ་ ཡོདཔ་ཨིན་པས།
དེ་ཡང་ ལས་འཛིན་གྱིས་ མི་སྟོབས་དང་ འཛིན་སྐྱོང་ སྲིད་བྱུས་ཚུ་ ཡར་དྲག་བཟོ་ནིའི་དོན་ལུ་ ལས་སྣ་མང་རབས་ཅིག་ དང་ལེན་འབད་ཡོདཔ་ད་ འཛིན་སྐྱོང་གིས་ ལཱ་གཡོག་གི་ བཅའ་ཁྲིམས་༢༠༡༣ ཅན་མ་དེ་ གསར་བཟོ་དང་ མཉམ་སྡེབས་འབད་ཡོདཔ་བཞིན་དུ་ ལྷག་པར་དུ་ ཚོང་སྡེའི་སྦོམ་ཆུང་དང་བསྟུན་ མི་སྟོབས་ཚུ་ཡང་ ལེགས་བཅོས་འབད་ཡོདཔ་ཨིན་པས།
བཀྲིས་རྡོ་རྗེ་གིས་ ཞུ་མིའི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ནང་འཁོད་དམ་འཛིན་གྱི་ ལམ་ལུགས་དང་ ལུང་ཕྱོགས་ཡིག་ཚང་ཚུ་ སྒྲིང་སྒྲི་བཟོ་ཡོད་པའི་ཁར་ འཛིན་སྐྱོང་གིས་ མཁོ་སྒྲུབ་ཀྱི་ སྲིད་བྱུས་བརྩམས་ཡོདཔ་ད་ ལས་བྱེདཔ་ཚུ་ཡང་ ཁ་སྐོང་གསར་བཙུགས་འབད་ནུག་ཟེར་ཨིན་པས།
དབང་འཛིན་གྱིས་ གཞུང་གིས་ དབང་འཛིན་ཚུ་གི་ དབང་ཚད་དང་ འགན་ཁུར་ཚུ་ གསལ་ཏོག་ཏོ་སྦེ་ བཀོད་དགོཔ་ད་ བཀོད་ཚོགས་ཀྱི་ མདོ་ཆེན་ཚུ་གིས་ ལས་འཛིན་ཀྱི་ བདག་སྐྱོང་གི་འདུས་ཚོགས་སྦེ་ ལག་ལེན་ཚུ་ དོན་སྨིན་ཐོག་ལུ་ བསྟར་སྤྱོད་འབད་དོན་ལུ་ རང་དབང་ལངམ་སྦེ་ བྱིན་དགོ་པའི་ གྲོས་འདེབས་ཚུ་ ཆ་ཤས་ཅིག་ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
ལས་འཛིན་གྱིས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་གི་ མཛོད་ཁང་ཚུ་ ཉམས་བཅོས་འབད་ཡོད་རུང་ དུས་ཡུན་རིངམོ་སྦེ་ གསོག་འཇོག་འབད་ནི་དེ་ ཉུང་དྲགས་ཡོད་པའི་ཁར་ དེང་སང་གི་ མཛོད་ཁང་དང་ སྐྱེལ་འདྲེན་ དེ་ལས་ བཟའ་སྤྱོད་བཟོ་སྦྱོར་གྱི་ མཐུན་རྐྱེན་ཚུ་ལངམ་སྦེ་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དགོཔ་ཨིན་མས་ཟེར་ བཀྲིས་རྡོ་རྗེ་གིས་ ཞུ་ཡི།
དབང་འཛིན་གྱི་ ཞིབ་རྟོགས་དང་འཁྲིལ་ཏེ་ ཚོགས་ཆུང་གིས་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལུ་ རྒྱལ་ཡོངས་ཉེན་སྲུང་གསོག་འཇོག་དང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ བཟའ་སྤྱོད་ཉེན་སྲུང་གསོག་འཇོག་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ མ་དངུལ་ལངམ་སྦེ་ བགོ་བཀྲམ་འབད་དགོ་པའི་ གྲོས་འཆར་ཟིན་བྲིས་ ཕུལ་ཡོད་མི་དེ་ གང་མགྱོགས་བསྐྱར་ཞིབ་འབད་དེ་ ཆ་འཇོག་གནང་པའི་ གྲོས་འདེས་ཕུལ་ཡོདཔ་བཞིན་དུ་ ཆ་འཇོག་གྲུབ་ཅི།
སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ སྟབས་མ་བདེཝ་ ཚུ་ སེལ་ཐབས་ལུ་ དངུལ་རྩིས་ལྷན་ཁག་ལུ་ བསྐྱར་ཞིབ་འབད་ནི་གི་ ལམ་ལུགས་ཅིག་ཡང་ འགོ་བཙུགས་གནང་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ལས་སྡེའི་བཅའ་ཁྲིམས་དང་ འབྲུག་རྒྱུ་ནོར་གཞི་བཟུང་དང་འཁྲིལ་དེ་ བསྒྱུར་བཅོས་འབད་བའི་བསྒང་ཡོདཔ་ལས་ དེ་ཡང་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ ལཱ་ག་ར་ མཇུག་བསྡུ་གཏང་ནི་ལུ་ དམིགས་པ་བསྐྱེད་དེ་འདུག་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡི།
སོ་ནམ་བློན་པོ་གིས་ ཞུ་མིའི་ནང་ ད་རེས་ ལས་འཛིན་གྱིས་ རྒྱལ་ཡོངས་བཟའ་སྤྱོད་ཉེན་སྲུང་གསོག་འཇོག་ ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ཟིན་བྲིས་ཅིག་ ལྷན་ཁག་ལུ་ ཕུལ་ཏེ་ཡོདཔ་ལས དེ་དང་འཁྲིལ་ཏེ་ ལས་འཛིན་གྱིས་ མི་སྟོབས་དང་ དངུལ་གྱི་རྒྱབ་སྐྱོར་ཚུ་ ག་དེ་སྦེ་ འབད་ནི་ཨིན་ན་ རྒྱལ་ཡོངས་བཟའ་སྤྱོད་གསོག་འཇོག་ ཐོ་བཀོད་ནང་ བཙུགས་འོང་ཟེར་ཨིན་པས།
ད་རེས་ ལས་འཛིན་གྱིས་ གློ་བུར་གྱི་དོན་ལུ་ ཨ་རྟག་ར་ ཧེ་མའི་ཚད་གཞི་དང་འཁྲིལ་ཏེ་ ཆུམ་འབད་བ་ཅིན་ མེ་ཊིག་ཊཱོན་༡༤༠༠ མར་ཁུ་མེ་ཊིག་ཊཱོན་༥༨ དེ་ལས་ གུ་རམ་མེ་ཊིག་ཊཱོན་༢༠༠ དེ་ཅིག་ གསོག་འཇོག་འབད་བཞག་པའི་ཁར་ སཱག་ལུང་ཕྱོགས་ཀྱིས་འབད་རུང་ འབྲུ་སྣ་དགུ་ མེ་ཊིག་ཊཱོན་༣༩༠ ངེས་པར་དུ་ བཞག་དགོཔ་སྦེ་ ཡོད་མི་དང་འཁྲིལ་ཏེ་ བཞག་བཞིན་དུ་ཡོད་ཟེར་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་ཡི།
དེ་མ་ཚད་ ལས་འཛིན་གྱིས་ རྐྱེན་ངན་འཛིན་སྐྱོང་དབང་འཛིན་ལུ་ བདུན་ཕྲག་རེ་གི་བར་ན་ ཚར་རེ་བཟའ་སྤྱོད་སྐྱོད་ཀྱི་ སྙན་ཞུ་ཕུལ་བཞིན་དུ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ཞུ་མིའི་ནང་ ལས་འཛིན་ལུ་ དམིགས་ཡུལ་༣ ཡོད་མི་ཚུ་ཡང་ མི་སེར་ལུ་ ཞབས་ཏོག་ཞུ་ནི་དང་ ཁེ་སང་བཟོ་ནི་ཚུ་ཨིན་རུང་ མི་སྡེ་འགན་ཁུར་དང་ དཔལ་འབྱོར་འགན་ཁྲི་༢ སླ་བསྲེས་པའི་སྐབས སྟབས་མ་བདེཝ་བྱུང་བཞིན་དུ་ཡོདཔ་ལས་ གཞུང་གིས་ འགན་ཁུར་༢ ཁག་དབྱེ་སྟེ བཟོ་བ་ཅིན་ སྟབས་བདེ་ཏོག་ཏོ་ འགྱོ་ནི་མས་ཟེར་ཨིན་པས།
ཀྲོང་གསར་གྱི་ རྒྱལ་ཡོངས་ཚོགས་སྡེ་འཐུས་མི་ མཐར་ཕྱིན་གྱིས་ ཞུ་མིའི་ནང་ ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ བཟའ་སྤྱོད་ཚུ་ ཕྱིའི་རྒྱལ་ཁབ་ནང་ལས ནང་འདྲེན་འབད་ཐོག་ལས་ བཀྲམ་སྤེལ་འབད་དོ་ཡོད་མི་ཚུ་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ལུ་ཚུ་ བཀྲམ་སྤེལ་འབད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
གཞུང་གིས་ དེ་བཟུམ་འབད་བ་ཅིན་ མི་སེར་ཚུ་གི་ མཁོ་སྒྲུབ་དང་ ཚོང་འབྲེལ་ དེ་ལས་ གསོག་འཇོག་ཚུ་ ཡར་དྲག་གཏང་ཐོག་ལས་ ད་ལྟོ་དང་ མ་འོངས་ཀྱི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *