གྲོས་འདེབས་ཁག་༩ ཕུལ་ཡོད་རུང་༡ མ་གཏོགས་ ལག་ལེན་མ་འཐབ་པར་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྒེད་འོག་གོང་འཕེལ་གནང་བྱིན་མ་དངུལ་གྱི་ ཆད་སྐྱོན་དང་ ཤེས་རྟོགས་ལུ་ གཞི་བཞག་སྟེ་ གྲོས་འདེབས་ཁག་༩ ཕུལ་ཡོདཔ་ཨིན་རུང་ དེ་ནང་ལས་ གཞུང་གིས་ གྲོས་འདེབས་༡ རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ གཞུང་གིས་ རྒེད་འོག་གོང་འཕེལ་གནང་བྱིན་མ་དངུལ་དེ་ གཞུང་སྐྱོང་ལེགས་ལྡན་དང་ མི་མང་ལུ་ དབང་ཚད་ཕྱིར་སྤེལ་གྱི་ བྱ་རིམ་ཚུ་ སྒྲིང་སྒྲི་བཟོ་ཐབས་ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ གནང་བྱིན་གྱི་ ལམ་སྟོན་ནང་ གྲོགས་རམ་མ་དངུལ་གྱི་འོག་ལུ་ བསྟར་སྤྱོད་འབད་ཡོད་པའི་ལས་སྣ་ཚུ་ རྒྱལ་ཡོངས་ ཡུན་རིང་གི་ དམིགས་དོན་ཚུ་དང་ གཅིག་མཚུངས་བཟོ་དགོཔ་ཡོད་མི་ཚུ་ བསྐྱར་ཞིབ་འབད་དགོཔ་པའི་ གྲོས་འདེབས་བཙུགས་ནུག།
དེ་བཟུམ་སྦེ་ གཞུང་གིས་ སྐབས་ཐོག་གི་རྒེད་གོང་འཕེལ་གནང་བྱིན་མ་དངུལ་ བགོ་བཀྲམ་གྱི་ལམ་ལུགས་ བསྐྱར་ཞིབ་འབད་དགོཔ་ད་ གནང་བྱིན་མ་དངུལ་བགོ་བཀྲམ་གྱི་ ལམ་ལུགས་བསྐྱར་ཞིབ་ འབད་དགོཔ་པའི་གྲོས་འདེབས་དང་ གནང་བྱིན་མ་དངུལ་ལས་ སོ་ནམ་ཞིང་ལམ་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་བཏང་མི་ཚུ་ བསྐྱར་ཞིབ་འབད་དགོཔ་ དེ་ལས་ རྒེད་འོག་བདག་སྐྱོང་གིས་ གནང་བྱིན་མ་དངུལ་གྱི་ལས་སྣ་ཚུ་ གདམ་འཐུ་འབད་ནི་དང་ དགོས་མཁོའི་བརྟག་ཞིབ་དང་ གནས་སྟངས་ཀྱི་དཔྱད་ཞིབ་འབད་དགོ་པའི་ གྲོས་འདེབས་ཚུ་ བཙུགས་ནུག།
ད་རུང་ རྫོང་ཁག་བདག་སྐྱོང་གིས་ ལྟ་རྟོག་གི་ལམ་ལུགས་ ཚུལ་མཐུན་ཅིག་ གཞི་བཙུགས་འབད་དགོཔ་ད་ གཞུང་གིས་ རྒེད་འོག་བདག་སྐྱོང་གི་ ལྕོགས་གྲུབ་རྩ་བརྟན་བཟོ་དགོཔ་ དེ་ལས་ བདག་སྐྱོང་གི་མཛོད་ཆས་དང་ གཏན་འཇགས་རྒྱུ་དངོས་ཀྱི་ ཐོ་དེབ་ཚུ་ བདག་འཛིན་འཐབ་དགོཔ་དང་ རྒྱུ་དངོས་དང་ཅ་ཆས་ཚུལ་མཐུན་སྦེ་ རྒྱུན་སྐྱོང་འཐབ་དགོ་པའི་ གྲོས་འདེབས་ཚུ་ བཙུགས་ས་ལས་ གཞུང་གིས་ རྒེད་འོག་བདག་སྐྱོང་གི་ ལྕོགས་གྲུབ་རྩ་བརྟན་བཟོ་དགོ་ཟེར་མི་དེ་ རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ ཞུ་མིའི་ནང་ ལོ་བསྟར་བཞིན་དུ་ རྒེད་འོག་གནང་བྱིན་མ་དངུལ་ཟེར་ རྒེད་འོག་རེ་རེ་ལུ་ དངུལ་ཀྲམ་ས་ཡ་༢ རེ་ བགོ་བཀྲམ་འབད་མི་དེ་གིས་ རྒེད་འོག་ཚུ་ རང་སྐྱོང་སྦེ་དབང་ཚད་ཕྱིར་སྤེལ་ཐོག་ལས་ མ་དངུལ་སྤྱོད་ནི་གི་ དབང་ཚད་སྤྲོད་དོ་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ རྩིས་ཞིབ་དབང་འཛིན་གྱི༌ ཁ་ཐུག་ལས་ ཕུལ་མི་གྲོས་འདེབས་དེ་ལུ་ གུས་ཞབས་ཡོད་རུང་ ཁོང་གིས་ ལྟ་རྟོག་འབདཝ་ད་ ངོས་ལེན་འབད་མ་ཚུགསཔ་ལས་ གཞུང་གིས་ སྒྲིག་གཞི་བསྒྱུར་བཅོས་འབད་མ་དགོཔ་སྦེ་ ཐག་བཅད་ཅི་ཟེར་ ཞུ་ཡི།
ཨིན་རུང་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ རྡོ་ཕུག་གིས་ ཞུ་མིའི་ནང་ ཚོགས་ཆུང་གིས་ ཚ་གྱང་འབག་སྟེ་ རྫོང་ཁག་ནང་ལས་ཕར་ རྒེད་འོག་གནང་བྱིན་མ་དངུལ་ལུ་བརྟེན་པའི་ ལཱ་ཚུ་ལྟ་རྟོག་འབད་དོ་ཡོདཔ་ཨིན་ན་ དྲི་བའི་སྐབས་ རྫོང་ཁག་མང་ཤོས་ཅིག་གིས་ ཁོང་ལུ་དབང་ཚད་མེདཔ་ལས་ ལྟ་རྟོག་འབད་ནི་མེད་ཟེར་ སླབ་མི་ལུ་བརྟེན་ གྲོས་གཞི་བསྒྱུར་བཅོས་འབད་དགོ་པས་ཟེར་ གྲོས་འདེབས་ཕུལ་མི་དེ་ དེ་ལས་བརྟེན་ཨིན་ཟེར་ཞུ་ཡི།
ད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ཕུལ་མི་ གྲོས་འདེབས་མང་ཤོས་ཅིག་ ངོས་ལེན་མེད་མི་དེ་ཡང་ ཚོགས་ཆུང་གིས་ ལས་འབྲེལ་རྩིས་ཞིབ་ཀྱི་ སྙན་ཞུའི་འདྲ་ ཐོབ་ཡོདཔ་ཨིན་ན་ཟེར་ དྲི་བའི་སྐབས་ མང་ཤོས་ཅིག་གིས་ མ་ཐོབ་ཟེར་སླབ་ཡོདཔ་ལས་ སྙན་ཞུའི་འདྲ་ མ་ཐོབ་པའི་བསྒང་ལས་ ཁོང་གིས་ ངོས་ལེན་འབད་དེ་ ལཱ་འབད་ནིའི་ས་གོ་ཡང་ མིན་འདུག་ཟེར་ཞུ་ཡི།
མ་འོངས་པ་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་གནང་ཡོད་མི་གི་ འདྲ་དེ་ བཀྲམ་སྤེལ་འབད་ནི་མེད་པ་ཅིན་ རྩིས་ཞིབ་འབད་དེ་ ཁུངས་མིན་འདུག་ཟེར་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ རྡོ་ཕུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *