སྦྱོང་བརྡར་སྐབས་ ཨམ་སྲུ་ཚུ་གིས་ ཆུའི་དམ་སྦྱིས་དང་ བོ་ར་ཕད་ཙེའི་ རྒྱུ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ བཙུགས་ཧོད་ཚུ་ འཐག་པའི་བསྒང་།

གྲོང་གསེབ་ཨམ་སྲུ་ཚུ་གིས་ འོང་འབབ་བཟོ་ཚུགས་པའི་ ལག་རྩལ་གྱི་ ཡོན་ཏན་ཐོབ་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ མོང་སྒར་རྫོང་ཁག་གི་ རྒེད་འོག་༡༧ ནང་ལས་ དང་འདོད་ཅན་གྱི་ ཨམ་སྲུ་ཚུ་ལུ་ ལག་རྩལ་སྦྱོང་བརྡར་བྱིན་མི་དེ་གིས་ གྲོང་གསེབ་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་དང་ འོང་འབབ་བཟོ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
རྫོང་ཁག་མཐའ་འཁོར་གནས་སྟངས་སྡེ་ཚན་གྱིས་ བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་སྡེ་ཚན་ལས་ སྦྱོང་བརྡར་བ་ ཨམ་སྲུ་༢ ཀྱིས་ ཆུའི་དམ་སྦྱིས་དང་ བོ་ར་ཕད་ཙེའི་ རྒྱུ་ཆས་ལག་ལེན་ཐོག་ ཚོང་ཆས་བཙུགས་ནིའི་བེག་དང་ ཀུ་ཏོ་ དེ་ལས་ ལྟོ་བཅིངས་བཙུགས་འབད་ནིའི་ལག་བེག་ པི་སི་བེག་འཐག་ཐངས་སྐོར་ ཉིན་གྲངས་༥ གི་རིང་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ནང་ རྒེད་འོག་༡༧ ལས་ ཉུང་ཤོས་ཨམ་སྲུ་རེ་དང་ རྒེད་འོག་དག་པ་ཅིག་ལས་ མཐོ་ཤོས་༣ བརྩིས་ཏེ་ ཨམ་སྲུ་༤༦ གིས་ བཅའ་མར་གཏོགས་ཅི།
བཅའ་མར་གཏོགས་མི་ཚུ་ཡང་ མང་ཤོས་སློབ་རིམ་༥ པ་ལས་༡༢ པ་ཚུན་བལྟ་སྟེ་ གཡུས་ཁར་སྡོད་མི་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡ དེ་ལས་ འབྲི་ལྷག་གི་ ཤེས་ཡོན་མ་ལྷབ་མི་༡༧ ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ རྒས་ཤོས་ར་ དགྲ་མེད་རྩེ་རྒེད་འོག་ བ་གིང་ལས་ སྐྱེས་ལོ་༥༢ ལང་མི་ འཆི་མེད་སྒྲོལ་མ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ར་དང་འདོད་བསྐྱེད་དེ་ བཅའ་མར་གཏོགས་པར་ འོང་ཡོདཔ་བཞིན་དུ་ ཐགས་བཟོའི་རིགས་ འཐག་ནི་ལུ་ འཇམ་ཏོང་ཏོ་སྦེ་ཤེས་རུང་ ལོ་ན་རྒས་མི་ལུ་བརྟེན་ ཉིན་ལྟོ་བཙུགས་སའི་ བེག་འཐག་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
འཆི་མེད་སྒྲོལ་མ་གིས་ སླབ་མིའི་ནང་ མོ་རའི་གཡུས་ཁར་ ཆོས་ཕྱོགས་ཀྱི་ ལས་རིམ་སྐབས་ ཕྱགས་སྙིགས་རག་རོ་ གྱིབ་དམ་དང་ ཕད་ཙེ་ཚུ་ འཐོན་ནི་ཡོདཔ་ལས་ མཁོ་ཆས་ཚུ་ འཐག་ཞིནམ་ལས་ འོང་འབབ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོང་སྒར་ཁྲོམ་ཁ་ལས་ བཅའ་མར་གཏོགས་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ མོ་ར་ མི་སྡེ་ཨིསི་ཀའུཊ་སྡེ་ཚན་ནང་ཨིནམ་ལས་ འཕྲལ་འཕྲལ་དམག་སྒར་ཚུ་ནང་འགྱོཝ་ད་ ཐད་ཀར་དུ་ རིག་རྩལ་ཐོག་ལས་ ལག་པར་ཡོད་མི་ ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ ཧོད་བཟོ་ཟེར་སླབ་ད་ ག་ནི་ཡང་ བཟོ་མ་ཚུགས་པར་ ལུས་ནི་ཡོད་ཟེར་ཨིནམ་ད་ སྦྱོང་བརྡར་དེ་ལུ་བརྟེན་ ད་ལས་ཕར་ བཙུགས་ཧོད་ག་ཅི་ར་ཨིན་རུང་ འཐག་ཚུགས་ཟེར་ མོ་གིས་ བཤདཔ་ཨིན་པས།
རྫོང་ཁག་མཐའ་འཁོར་གནས་སྟངས་འགོ་དཔོན་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ཡང་ ས་གནས་ཀྱི་ མི་ཚུ་ལས་ དགོས་མཁོ་ཡོད་ལུགས་ སླབ་མི་ཐོན་པའི་ཤུལ་ལས་ རྫོང་ཁག་ནང་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དང་འདོད་ཅན་ཚུ་གིས་ རང་སོའི་ཁས་བླངས་ཐོག་ལས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
རྫོང་རབ་གོངམ་ འཇམ་དབྱངས་ཆོས་གྲགས་ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སློབ་སྦྱོང་མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རིག་རྩལ་དང་ ལག་རྩལ་ དེ་ལས་ ཁྱད་རིག་ཚུ་ ག་དེ་དྲག་དྲག་ཡར་རྒྱས་གཏང་དགོ་པའི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ སྦྱོང་བརྡར་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སྦྱོང་བརྡར་ནང་ལས་ཐོབ་མི་ རིག་རྩལ་ཚུ་ གཡུས་མི་གཞན་ཚུ་ལུ་ ཁྱབ་སྤེལ་གཏང་དགོ་ཟེར་ བཤད་ཅི།
ཁོ་གིས་འབད་བ་ཅིན་ སྦྱོང་བརྡར་དེ་ལུ་བརྟེན་ རང་བཞིན་གནས་སྟངས་སྲུང་སྐྱོབ་དང་ འོང་འབབ་བཟོ་ནི་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ ཉུང་ཤོས་ཐོན་སྐྱེད་༡ འཐག་ཞིནམ་ལས་ མོང་སྒར་ཁྲོམ་ཁར་ སོ་ནམ་ཚོང་ཁང་ནང་བཙོང་པར་ འབག་འོང་དགོ་ཟེར་བཤད་ཅི།
བསམ་ལྗོངས་མཁར་བརྩོན་ཤུགས་སྡེ་ཚན་གྱིས་ ཉོ་ཚོང་སྐབས་ ལག་ལེན་འཐབ་མི་ བཙུགས་ཧོད་བེག་རེ་ལུ་ དངུལ་ཀྲམ་༣༥༠ དང་ ཀུ་ཏོ་དང་ ལྟོ་བཅིངས་བཙུགས་བེག་ལུ་ དངུལ་ཀྲམ་༢༥༠ རེ་ དེ་ལས་ པི་སི་བེག་ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་དེ་ བདུན་ཕྲག་འདི་ནང་ བཀྲ་ཤིས་གཡང་རྩེ་ལུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

 

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *