གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་མི་ཚུ་དང་ འཕྱད་ནིའི་ལས་རིམ།

༉ མི་སེར་དམངས་གཙོ་ཚོགས་པའི་ ལས་བྱེདཔ་༢ ཀྱིས་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་ཡོད་མི་ཚུ་དང་ འཕྱད་ནིའི་དོན་ལུ་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་ ཞུ་གཏུགས་དུས་ཡུན་རྫོགས་ནི་ལུ་ སྒུག་སྟེ་འདུག།
ཚོགས་པའི་ལས་བྱེདཔ་ གོ་པཱལ་ཝའི་བ་བླ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་གི་ ཞུ་གཏུགས་དུས་ཡུན་ མཇུག་བསྡུཝ་ཅིག་ མི་སེར་ཚུ་དང་གཅིག་ཁར་ འཕྱད་ནིའི་ལས་རིམ་ཡོདཔ་ད་ དེ་བསྒང་ མི་སེར་ཚུ་གིས་ ཏི་རུ་ཚབ་དགོ་ནི་ཨིན་ན་ ཡང་ཅིན་ ལས་འགུལ་འཕྲོ་མཐུད་དེ་འབད་ནི་ཨིན་ན་ ཉན་ནི་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ མི་སེར་ཚུ་གིས་ ཁོང་རའི་ཏི་རུ་ ལོག་དགོ་ནི་ཨིན་ཟེར་བ་ཅིན་ ཉོགས་བཤད་ག་ནི་མེད་པར་ ལོག་སྤྲོད་ཆོག་ཆོ་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལས་འགུལ་ཚུ་ འཕྲོ་མཐུད་འབད་ནི་ཟེར་བ་ཅིན་ ཁོ་གིས་ ལམ་སྟོན་བྱིན་ཏེ་ ཆ་རོགས་འབད་ནི་ཟེར་ཨིན་པས།
གོ་པཱལ་གྱིས་ སླབ་མི་དང་འཁྲིལཝ་ད་ ཁོ་གིས་ རྩི་རང་གི་ མི་སེར་སོ་ནམ་པ་དང་ ན་གཞོན་ལཱ་གཡོག་མེད་མི་ཚུ་གི་དོན་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ གྲོང་གསེབ་ཚོང་ལས་གོང་འཕེལ་གཏང་ནིའི་དོན་ལུ་ མནོ་བསམ་ལེགས་ཤོམ་བཏང་སྟེ་ སོ་ནམ་ཐོན་སྐྱེད་ཀྱི་ མཉམ་འབྲེལ་ཚོགས་པ་ གཞི་བཙུགས་འབད་ནིའི་དོན་ལུ་ སྐྱིན་འགྲུལ་འགོ་བཙུགས་ཡོད་རུང་ བར་ན་ལས་ སྲིད་དང་འབྲེལ་བ་ཡོད་པའི་སྐོར་ལས་ ཉོགས་བཤད་ཐོན་པའི་ཤུལ་ལུ་ འཕྲོ་མཐུད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ དེ་བཟུམ་མའི་ ལས་རིམ་ཅིག་ དར་དཀར་ནང་ལུ་ཡང་ འགོ་བཙུགས་ཏེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ ས་གནས་དེ་ཁའི་ མི་སེར་ཚུ་ཡང་ སེམས་དགའ་སྟེ་ཡོདཔ་སྦེ་ཨིན་པས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་ཅིག་གིས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྐྱིན་འགྲུལ་གཡོ་འཕྲུལ་དེ་གུ་ ཞིབ་དཔྱད་འབད་དགོཔ་སྦེ་ ཞུ་བ་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་འབད་བའི་སྐབས་ ཚོགས་པའི་ལས་བྱེདཔ་༢ ཀྱིས་ མི་སེར་སོ་ནམ་པ་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཞབས་ཏོག་སྤྲོད་པའི་སྐབས་ ཚོང་འབྲེལ་གྱི་ ལམ་ལུགས་ལས་ འགལ་བ་ཡོདཔ་སྦེ་ ཞིབ་དཔྱད་སྙན་ཞུ་ནང་ ཐོན་ནུག།
དེ་འབདཝ་ལས་ ཁོང་༢ ཀྱིས་སྦེ་ ཞུ་ཡིག་བཙུགས་ཡོད་མི་ཚུ་ལས་ ཏི་རུ་ལེན་ཡོདཔ་ད་ འབྲི་ཤོག་ལེན་ཡོད་མི་ཚུ་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ ལོག་སྤྲོད་དགོཔ་སྦེ་ སླབ་ནུག།
སྤྱི་ལོ་༢༠༡༦ ལུ་ གོ་པཱལ་དང་ རྩི་རང་གི་ མི་སེར་དམངས་གཙོ་ཚོགས་པའི་ ལཱ་འབད་མི་ ཨར་ཌི་སུ་བྷ་གིས་ རྫོང་ཁག་ནང་ སོ་ནམ་དང་བཟའ་སྤྱོད་བཟོ་སྦྱོར་འཕྲུལ་ཁང་ འགོ་བཙུགས་ནིའི་དོན་ལུ་ སྡེ་ཚན་བཟོ་དགོཔ་སྦེ་ སླབ་ནུག།
ཞུ་ཡིག་བཙུགས་མི་ སོ་ནམ་པ་ཚུ་ལས་ ཞུ་ཡིག་དང་ འཐུས་ཚུ་ལེན་ཡོད་རུང་ མཉམ་འབྲེལ་ཚོགས་པ་དེ་ འགོ་བཙུགས་མ་ཚུགས་པས།
ཁོ་གིས་འབད་བ་ཅིན་ དེ་སྦེ་འགོ་བཙུགས་མ་ཚུགས་པར་ ལུས་དགོ་མི་དེ་ཡང་ སྲིད་འབྲེལ་ཡོདཔ་སྦེ་ སླབ་པའི་ཤུལ་ལུ་ ལུས་ཡོདཔ་མ་གཏོགས་ ཁོ་རའི་ཁ་ཐུག་ལས་འབད་བ་ཅིན་ བཞེས་སྒོའི་ཉེན་སྲུང་ལུ་ ཕན་ཐོགས་འབྱུང་ཐབས་དང་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ཐབས་ལུ་ ཕན་ཐོགས་འོང་ནི་མས་ཟེར་ མནོ་ཡི་ཟེར་ཨིན་པས།
སོ་ནམ་ཐོན་སྐྱེད་མཉམ་འབྲེལ་ཚོགས་པའི་དོན་ལུ་ སོ་ནམ་པ་ སྡེ་ཚན་༧༣ ནང་ འཐུས་མི་༤༠༧ ལས་ ཁོང་གཉིས་ཀྱིས་ དངུལ་ཀྲམ་༣༠༠ རེ་འཐུས་སྦེ་ བསྡུ་ལེན་འབད་ནུག།
གོ་པཱལ་བླ་མ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་ལས་ བསྡུ་ལེན་འབད་མི་འཐུས་ཚུ་ ཁོང་གིས་ ལོག་སྤྱོད་འབད་འབདཝ་མེན་པར་ ན་གཞོན་ལཱ་གཡོག་མེད་མི་ཚུ་ སོ་ནམ་པ་ལུ་ ལས་འགུལ་གྱི་ གྲོས་འདེབས་ཚུ་ འབྲི་ནིའི་ནང་ ཆ་རོགས་འབད་བའི་སྐབས་ གླ་འཐུས་སྤྲོད་ནི་སྦེ་ཨིན་ཟེར་ཨིན་པས།
ཕུན་བརྟན་ཆུ་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ སོ་ནམ་པ་ཅིག་ བསོད་ནམས་ཆོས་སྒྲོན་གྱིས་ ཤིང་འབྲས་ཀྱི་ལྕངམ་ཚུ་ བཙུགས་ནིའི་ལས་འགུལ་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་སྦེ་ཨིན་པས།
མོ་གིས་ ཞུ་ཡིག་བཙུགས་མི་ལས་འགུལ་དེ་ མཐར་འཁྱོལ་འབྱུང་མ་ཚུགསཔ་ལས་ མོ་གིས་ ལོག་ཏི་རུ་འཐོབ་པ་ཅིན་ དགའ་ནི་མས་ཟེར་ཨིན་པས།
སེམས་ལྗོངས་ཀྱི་ མཉམ་འབྲེལ་ཚོགས་པའི་ ཁྲི་འཛིན་ཅིག་ཨིན་མི་ ཀེ་བི་སུ་བྷ་གིས་ སླབ་མིའི་ནང་ ལས་འགུལ་གྱི་ཞུ་ཡིག་བཙུགས་ཏེ་ ལོ་༢ དེ་ཅིག་ སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་ཏི་རུ་ལས་ལྷགཔ་སྦེ་ སོ་ནམ་པའི་ ངོ་སྤྲོད་ལག་ཁྱེར་གྱི་འདྲ་པར་དང་ ས་ཁྲམ་ཚུ་ ཁོང་ལུ་སྤྲོད་དེ་ཡོདཔ་ལས་ དེ་ཚུ་ ལོག་ལེན་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།
ལོག་ཏི་རུ་མ་འཐོབ་སྟེ་འབད་རུང་ ཁོང་གིས་སྤྲོད་མི་ ཡིག་ཆ་གལ་ཅན་ཚུ་ འཐོབ་ཚུགས་པ་ཅིན་ དེ་གིས་ར་ བཏུབ་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *