དབང་འདུས་འཕང་ཡུལ་ལུ་ ཞིང་ལཱ་འབད་མི་ རྒན་ཤོས་ཚུ།

གྲོང་གསེབ་གཡུས་ཚན་ཚུ་ནང་ ལཱ་འབད་མི་ ན་གཞོན་མེད་པའི་དཀའ་ངལ།

༉ གྲོང་གཡུས་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་པའི་ཁར་ ན་གཞོན་ཚུ་གིས་ ཁྲོམ་ཁར་གནས་སྤོ་འགྱོ་ནི་དེ་གིས་ ཞིང་ཁར་ལཱ་འབད་མི་མེདཔ་ལས་ སོ་ནམ་ལཱ་འབད་ནི་དེ་ ལོ་བསྟར་བཞིན་དུ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་ ཞིང་ཁར་ལཱ་འབད་མི་དེ་ མི་རྒས་ཤོས་རྐྱངམ་གཅིག་མཐོང་མི་དེ་ གཞོནམ་ཚུ་ ལཱ་གཡོག་གི་དོན་ལུ་ ཁྲོམ་ཁར་ལས་ཕར་སོང་ནི་དེ་གིས་ ཨིནམ་མ་ཚད་ གཡུས་ཁར་ཡོད་མི་ཚུ་གིས་ཡང་ ཁག་འབག་དང་ཚོང་ལཱ་ཚུ་ནང་ སྤྲོ་བ་བསྐྱེད་ནི་དེ་གིས་ཨིན་པས།
ལས་མི་མེད་པའི་དཀའ་ངལ་དེ་ ངོ་མ་རང་ གནམ་བྱཱར་ལུ་ ལོ་ཐོག་བཏབ་པའི་དུས་ཚོད་ཁར་ ཐོན་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ བཀྲིས་སྒང་ ར་ལྡི་ གཙང་མཁར་ལུ་ ལྕང་ལཱའི་དུས་ཚོད་ཁར་ ལཱ་འབད་མི་ག་ར་ རྒས་ཤོས་ཚུ་མཐོང་དོ་ཡོདཔ་ད་ དེའི་གྲས་ཁར་ སྐྱེས་ལོ་༦༣ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཞིང་ཁར་ལཱ་འབད་མི་དེ་ རྒས་ཤོས་མ་གཏོགས་ ན་གཞོན་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་གཡུས་ཁར་ཡོད་མི་ གཞོནམ་ཚུ་ཐིམ་ཕུག་དང་ ཕུན་ཚོགས་གླིང་ཚུ་ནང་ ལཱ་གཡོག་འཚོལ་བར་སོང་ཡོདཔ་ལས་ གཡུས་ཁར་སྡོད་མི་ ཕམ་རྒན་རྒས་རྐྱངམ་གཅིག་ལུས་ཡོདཔ་ལས་ ཞིང་ཚུ་ཡང་ལོ་གཅིག་བ་ལོ་གཅིག་ སྟོངམ་ཐལ་དོ་ཟེར་ཨིན་པས།
དེ་བཟུམ་མའི་དཀའ་ངལ་དེ་ རྫོང་ཁག་༢༠ ག་རའི་ནང་ཐོན་ཡོདཔ་ད་ རྒས་ཤོས་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ན་གཞོན་མང་ཤོས་ཅིག་ ཆོས་ཡོན་ཏན་དུམ་གྲ་རེ་ལྟ་ནི་དེ་གིས་ ངོ་ཚ་སྟེ་ ཞིང་ཁར་ལཱ་འབད་མ་བཏུབ་ལས་ ཐབས་མེད་པར་རྒན་རྒས་ཚུ་གིས་ འབད་དགོཔ་ཐོན་མས་ཟེར་ཨིན་པས།
དཔལ་འབྲུག་ཞིབ་འཇུག་ལྟེ་བ་གི་ བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ཞིང་ཨེ་ཀར་༧༥,༩༤༢ སྟོངམ་ལུས་ས་ལས་ ལ་ལོ་ལས་མི་མེདཔ་ལས་ བཀོག་བཞག་མི་ཡང་འདུག་ཟེར་ཨིན་པས།
ཞིང་སྟོང་ཡོངས་བསྡོམས་ ཨེ་ཀར་༧༥,༩༤༢ ལུས་ས་ལས་ ཨེ་ཀར་༧༣,༢༤༡ དེ་ གྲོང་གཡུས་ཚུ་ནང་དང་ ཨེ་ཀར་༢,༠༧༡ དེ་ ཁྲོམ་ཁར་ཨིནམ་ད་ མ་གཞི་ ལས་མི་མེད་མི་ལུ་བརྟེན་ ཞིང་སྟོངམ་ལུས་མིའི་ གནས་སྡུད་ཁ་སེལ་སྦེ་ཚུད་དེ་མེད་རུང་ དེ་ཡང་ དཀའ་ངལ་ངོ་མ་ཅིག་སྦེ་ ངོས་འཛིན་འབད་ནུག།
མ་གཞི་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་མི་ གདོང་ལེན་འབད་ནིའི་དོན་ལུ་ སོ་ནམ་ལྷན་ཁག་གིས་ གློག་ཐག་ར་བ་ཚུ་ བཀྲམ་སྤེལ་འབད་བའི་བསྒང་ཡོདཔ་ལས་ དེ་གིས་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་རུང་ དཀའ་ངལ་དེ་ ཡོངས་རྫོགས་སྦེ་ སེལ་མི་ཚུགས་ནི་ཨིནམ་ད་ དེ་ཡང་ ལས་མི་མེད་པའི་བསྒང་ལས་ ལཱ་འབད་ནིའི་གོ་སྐབས་མེདཔ་ཨིན་པས།
སོ་ནམ་འགོ་དཔོན་གོངམ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ གློག་ཐག་ར་བ་ལུ་བརྟེན་ ཞིང་སྟོངམ་ལུས་མི་ཚུ་ ལོག་ལཱ་འབད་ཚུགས་པའི་ གོ་སྐབས་ཡོད་པའི་ཁར་ འཕྲུལ་གླང་པ་ཝར་ཊི་ལར་ བཀྲམ་སྤེལ་འབད་མི་དེ་གིས་ཡང་ ལས་མི་མ་ལང་པའི་དཀའ་ངལ་ཚུ་ གདོང་ལེན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་འབད་ཅིན་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ གདོང་ལེན་འབད་དགོཔ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གིས་ གཡུས་ཁར་ཕན་ཐོགས་མེད་པའི་ཁར་ ཁྲོམ་ཁར་ལཱ་གཡོག་མ་ཐོབ་པར་ སྨྱོ་རྫས་ལག་ལེན་འཐབ་ནི་དང་ བྱ་ངན་ནང་ འབྲེལ་གཏོགས་འབད་དེ་ མི་སྡེ་ལུ་དཀའ་ངལ་བྱིནམ་མས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *