གནས་ཡན་ལག་སྨན་ཁང་ནང་ སྨན་ཁབ་བཙུགས་པར་འོང་མི་ཚུ།

གྲོང་གཡུས་སྨན་པ་ཚུ་ འཐུས་མེད་མི་ལུ་བརྟེན་ སྤྲོ་བ་ཞན་སུ་འགྱོ་དོ་ཡོདཔ།

༉ ལྷུན་རྩེ་ མཚོ་གླིང་གཡུས་ཚན་ནང་ ཨ་རྟག་བཟུམ་སྦེ་ ཁས་བླངས་ཐོག་ལས་ གྲོང་གཡུས་སྨན་པ་འབད་མི་མེདཔ་ལས་ འཕྲལ་ཁམས་ཅིག་ཁར་ གཡུས་ཁའི་མི་སེར་ཚུ་གིས་ འཛོམས་འདུ་རྐྱབ་ཞིནམ་ལས་ སྐོར་རྒྱབ་སྦེ་འབད་བཅུག་ནིའི་དོན་ལུ་ བཙག་འཐུ་འབད་དགོཔ་ ཐོན་ཡོདཔ་ཨིན་པས།མཚོ་གླིང་གཡུས་ཚན་ནང་ ཟླ་རིམ་སྨན་ཁབ་བཙུགས་པར་ གནས་ཡན་ལག་སྨན་ཁང་ནང་ལས་ འགྱོ་དོ་ཡོདཔ་ད་ ལོ་ངོ་༣༠ དེ་ཅིག་ལང་མི་ སྨན་ཁབ་བཙུགས་སའི་ སྡེ་ཕྲན་དེ་ཡང་ བཤུབ་གཏང་ཞིནམ་ལས་ དུས་ཅི་ ལོག་སྟེ་ གསརཔ་བཟོ་སྐྲུན་འབད་ཡོདཔ་ཨིན་པས།གནས་ཡན་ལག་སྨན་ཁང་གི་ གསོ་བའི་ལས་རོགསཔ་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཧེ་མའི་ གྲོང་གཡུས་སྨན་པ་རྙིངམ་དེ་ ཉམས་མྱོང་ཅན་ཅིག་འབདཝ་ལས་ ལཱ་འབད་བའི་སྐབས་ སྟབས་བདེ་ཏོག་ཏོ་ཡོདཔ་ད་ ག་དེམ་ཅིག་ སྡོད་ཟེར་སླབ་རུང་ ཉེན་མ་བཏུབ་པའི་ཤུལ་ལས་ ཐབས་མེད་པར་ ལོ་བསྟར་བཞིན་དུ་ སྐོར་རྒྱབ་སྦེ་ འབད་ནིའི་དོན་ལུ་ བཙག་འཐུ་འབད་དགོཔ་ཐོན་ཡི་ཟེར་ ཨིན་པས།ཁོ་གིས་ བཤད་མིའི་ནང་ གྲོང་གཡུས་སྨན་པ་ཚུ་གིས་ སྤྲོ་བ་བསྐྱེད་མ་བཏུབ་མི་དེ་ ཐོབ་ཐངས་མེད་པའི་གུ་ ལཱ་ཐེབས་ཡོད་པའི་ཁར་ རང་ལུ་ ནང་ལས་མེད་རུང་ ཕྱི་ལས་འཚོལ་ཏེ་ མགྲོན་སྐྱོང་འབད་དགོ་ནི་དེ་གིས་ རྒྱབ་བཤུད་རྐྱབ་མས་ཟེར་ ཨིན་པས།ཀརྨ་ཚེ་རིང་དང་འཁྲིལཝ་ད་ འདས་པའི་ཟླཝ་ནང་ གསར་བསྐོས་འབད་མི་ གྲོང་གཡུས་སྨན་པ་ལུ་ ཡན་ལག་སྨན་ཁང་ནང་ལས་ ཟླ་རིམ་སྨན་ཁབ་བཙུགས་པར་འོང་མི་ གསོ་བའི་ལས་བྱེདཔ་སྡེ་ཚན་གྱི་དོན་ལུ་ ད་ལྟོ་ ལམ་ལུགས་བཟུམ་གནས་ཡོད་མི་ བཞེས་སྒོ་ཡང་ བཟོ་སྟེ་འབག་འོང་མི་དགོ་ཟེར་ ཨིན་པས།ཁྱིམ་གུང་པ་༡༩ དེ་ཅིག་ཡོད་མི་ མཚོ་གླིང་གཡུས་ཚན་ནང་ ལྷོད་ནི་ལུ་ གནས་ཡན་ལག་སྨན་ཁང་ལས་ རྐང་སྟོང་ལམ་འགྱོ་བ་ཅིན་ ལམ་ཕྱོགས་གཅིག་ནང་ར་ དུས་ཡུན་ཆུ་ཚོད་༦ དང་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཡན་ལག་སྨན་ཁང་གཞན་ཚུ་ནང་ཡང་ གྲོང་གཡུས་སྨན་པ་གིས་ སྡོད་མ་བཏུབ་པའི་ཉོགས་བཤད་ཚུ་ བཀོད་པའི་དཀའ་ངལ་ཐོན་ཡོདཔ་ཨིན་པས།སྨད་ཚོ་རྒེད་འོག་ སྒོར་གསུམ་ཡན་ལག་སྨན་ཁང་གི་ གསོ་བའི་ལས་རོགསཔ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ གྲོང་གཡུས་སྨན་པ་ཚུ་ལུ་ ཐོབ་ལམ་ཟེར་རུང་ ལོ་རེ་ནང་ སྦྱོང་བརྡར་ཚར་རེ་ཐོབ་པའི་སྐབས་ ཆུ་ལྷམ་ཆ་རེ་དང་ འཕྲུལ་མེ་ དེ་ལས་ བེག་རེ་ལས་བརྒལ་ ཐོབ་ནི་མེད་ནི་དེ་གིས་ སྤྲོ་བ་ཞན་སུ་འགྱོ་སྟེ་ ལཱ་ཡང་ཧེ་མ་བཟུམ་ འབད་མ་བཏུབ་མ་ཚད་ མང་ཤོས་ར་ སྦྱོང་བརྡར་ལུ་བཏང་རུང་ འགྱོ་མི་བཏུབ་པས་ཟེར་ ཨིན་པས།ཁོ་གིས་ བཤད་མིའི་ནང་ གྲོང་གཡུས་སྨན་པ་ཚུ་གིས་ གཡུས་སྒོའི་གཙང་སྦྲ་འཕྲོད་བསྟེན་གྱི་ སྙན་ཞུ་འབད་ནི་དང་ འཛོམས་འདུ་བཀུག་ནི་ དེ་ལས་ སྨན་ཁབ་བཙུགས་ནིའི་ལས་རིམ་སྐབས་ ཆ་རོགས་འབད་ནི་ཚུ་ཨིན་རུང་ ད་རེས་ནངས་པར་ མང་ཤོས་ སྡེ་ཕྲན་སྒོ་ཕྱེ་ནི་དང་བསྡམ་ནིའི་ལཱ་རྐྱངམ་གཅིག་ འབདཝ་མས་ཟེར་ཨིནམད་ འཐུས་ཉུང་ཤོས་དངུལ་ཀྲམ་༡༠༠༠ དེ་ཅིག་ ཐོབ་དགོཔ་འདུག་ཟེར་ཨིན་པས།གསོ་བའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ རྫོང་ཁག་ནང་ ལ་ལུ་ཅིག་ གྲོང་གསེབ་སྨན་པ་འབད་དེ་ ལོ་༣༠ ལྷག་མི་ཡང་ དག་པ་ཅིག་ཡོདཔ་ཨིན་པས། ད་ཚུན་ གྲོང་གཡུས་སྨན་པ་ཚུ་ལུ་ ཐོབ་ཐངས་ཟེར་རུང་ སྦྱོང་བརྡར་ཚར་རེ་གཉིས་མ་གཏོགས་མེདཔ་ད་ གྲོང་གཡུས་སྨན་པ་ཚུ་གིས་ སླབ་མིའི་ནང་ ལཱ་འབད་བའི་སྐབས་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།ལོ་ངོ་༡༤ གི་རྒྱབ་ལས་དགོངས་ཞུ་མི་ མཚོ་གླིང་གི་གྲོང་ཡུལ་སྨན་པ་བགྲེསཔ་ སྐྱེས་ལོ་༣༢ ལང་མི་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ དགོངས་ཞུ་འབད་དགོ་མི་དེ་ཡང་ ཁྱིམ་ནང་ལཱ་འབད་མི་མེདཔ་ལས་ ལོ་༣ དེ་ཅིག་ བདུན་ཕྲག་༡ དང་༢ ཀྱི་བར་ན་ཨིན་མི་ ལོ་བསྟར་གྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མ་ཚུགས་ནི་དེ་གིས་ མི་སེར་ལུ་ ཕན་ཐོགས་མི་ཚུགས་ནི་མས་ཟེར་ མནོ་སྟེ་ཨིན་ཟེར་ཨིན་པས། དེ་མ་ཚད་ མགྱོནམ་ཚུ་འོངམ་ད་ རང་ཉམ་ཆུང་ཅིག་འབད་ནི་དེ་གིས་ ནང་ལས་མེད་པར་ འཕྲལ་འཕྲལ་ར་ ཕྱི་ཁར་ལས་ ཆ་རོགས་ལས་འཚོལ་ཏེ་ བཅའ་སྒྲིག་རྐྱབ་དགོ་ནི་དེ་གིས་ རོགས་ཡོད་མི་ལུ་ འགན་ཁུར་སྤྲོད་དགོ་པས་མནོ་སྟེ་ ཨིན་ཟེར་ཨིན་པས།གྲོང་ཡུལ་སྨན་པ་ཚུ་གིས་ བཤད་མིའི་ནང་ གསོ་བའི་ལས་རོགསཔ་ཚུ་གིས་ བརྒྱུད་འཕྲིན་ལྷོདཔ་ཅིག་ གཡུས་མི་ཚུ་ལུ་ འཛོམས་འདུ་གི་དོན་ལུ་ བརྡ་སྤེལ་དགོ་ནི་དེ་གིས་ འཕྲལ་འཕྲལ་གཡུས་སྒོ་བཤལ་ཏེ་འགྱོ་བའི་སྐབས་ རང་གི་ཁྱིམ་ནང་གི་ལཱ་ཡང་ བཀོག་བཞག་དགོཔ་ཐོནམ་མ་ཚད་ འགྲུལ་འཕྲིན་བཏང་སྟེ་ རྩིས་ཤོག་བའུ་ཅར་ཡང་རྫོགསཔ་མས་ཟེར་ཨིན་པས།གསོ་བའི་ལས་རོགསཔ་ཚུ་གིས་ སླབ་མིའི་ནང་ གྲོང་གཡུས་སྨན་པ་ཚུ་གི་ ལཱ་གི་གནས་སྟངས་ལུ་བལྟ་བ་ཅིན་ ཟླ་རིམ་འཐུས་ དངུལ་ཀྲམ་༣༠༠༠ དང་༥༠༠༠ གི་བར་ན་ སྤྲོད་དགོ་པའི་ འོས་འབབ་ངེས་བརྟན་ཡོད་ཟེར་ ཨིན་པས།ལྷུན་རྩེ་རྫོང་ཁག་གསོ་བའི་འགོ་དཔོན་གོངམ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ གྲོང་གཡུས་སྨན་པ་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ ཐོབ་ལམ་ཚུ་ ག་ནི་ཡང་མེད་ནི་དེ་གིས་ གསོ་བའི་ལས་ཚན་ཁ་ཐུག་ལས་སླབ་རུང་ སྟབས་མི་བདེ་བས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *