གྲངས་རྩིས་རྐྱབ་ནིའི་ཚེས་གྲངས་ སྤྱི་ཟླ་༦ པའི་ཚེས་༦ ཚུན་ ཕར་འགྱངས།

༉ མི་རློབས་དང་ཁྱིམ་གུང་གྲངས་རྩིས་ ཐེངས་༢ པ་རྐྱབ་པའི་སྐབས་ གོ་སྐབས་ལེན་མ་ཚུགས་པའི་ ཁྱིམ་གུང་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༦ ཚུན་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་གཅིག་ཁར་ སྤྱོད་འཐུས་མ་ཕོག་པའི་ བརྒྱུད་འཕྲིན་ཨང་༡༠༧ ཐོག་ལས་ འབྲེལ་བ་འཐབ་ཚུགས་ནི་ཨིན་པས།

ང་བཅས་ཀྱིས་ མི་རློབས་དང་ཁྱིམ་གུང་གྲངས་རྩིས་རྐྱབ་པའི་སྐབས་ ཁྱིམ་གུང་ག་རའི་ནང་ ཁྱབ་ཚུགསཔ་འབད་ནིའི་དོན་ལུ་ རྩ་འགེངས་ཡོད་རུང་ ལ་ལོ་ཅིག་ནང་ ལུས་སྲིད་ནི་ཨིནམ་ལས་ དེ་ཚུའི་དོན་ལུ་ གོ་སྐབས་བྱིན་དོ་ཟེར་ རྒྱལ་ཡོངས་གྲངས་རྩིས་དྲུང་ཆེན་ཡིག་ཚང་གི་ ལྷན་འཛིན་འཆི་མེད་ཚེ་རིང་གིས་ བཤད་ཅི།
རྒྱལ་ཡོངས་གྲངས་རྩིས་དྲུང་ཆེན་ཡིག་ཚང་གིས་ མི་མང་ལུ་ གྲངས་རྩིས་རྐྱབ་མ་ཚུགས་པར་ ལུས་ཡོད་པ་ཅིན་ ཐིམ་ཕུག་ལུ་ རྩིས་དཔྱད་བཀོད་འཛིན་དང་གཅིག་ཁར་དང་ རྫོང་ཁག་གཞན་གྱི་ ཁྲོམ་སྡེ་དང་ རྫོང་ཁག་ཚུ་ནང་ འབྲེལ་བ་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁ་ཙ་ གྲངས་རྩིས་རྐྱབ་མ་ཚུགས་པའི་ ཁྱིམ་གུང་༣༨ ཀྱིས་ རྩིས་དཔྱད་བཀོད་འཛིན་ཡིག་ཚང་ནང་ འོང་ཡོདཔ་ད་ ཡིག་ཚང་གིས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ ལ་ཡ་ལས་ གུང་པ་༡༦ དང་ ལུང་ནག་ནང་ལས་ གུང་པ་༨ ཡང་ མི་རྩིས་རྐྱབ་ནིའི་དོན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
གྲངས་རྩིས་རྐྱབ་མི་ཚུ་གིས་ ཧཱ་ལུ་ཡང་ གུང་པ་༡༦ དེ་ཅིག་ གྲངས་རྩིས་རྐྱབ་པའི་སྐབས་ ཁྱིམ་སྟོངམ་སྦེ་ མཐོང་ཡོདཔ་ཨིན་རུང་ ལ་ལོ་ཅིག་ ས་གནས་གཞན་ཁར་ ཕྱད་ཚུགས་ཡོད་རུང་ ལ་ལོ་ གནས་སྐོར་ནང་ སོང་ཡོདཔ་ཨིན་པས།
ལྷན་འཛིན་འཆི་མེད་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ཡང་ གྲངས་རྩིས་རྐྱབ་མི་དག་པ་ཅིག་ སྤྱི་ཟླ་༦ པའི་ཚེས་༦ ཚུན་ བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ གྲངས་རྩིས་རྐྱབ་མི་ཚུ་གིས་ གནམ་ཕྱི་རུ་ཡང་ དུས་ཚོད་ཐེབས་ལེན་ཏེ་ ལཱ་འབད་སར་མཐོང་མི་ལུ་ ཡིད་ཆེས་བྱུང་ཡི་ཟེར་ཨིནམ་ད་ ངང་ལམ་བཟུམ་ཅིག་འབད་བ་ཅིན་ འཁོར་ལམ་བསུབས་མི་དང་ འགྲུལ་འཕྲིན་གྱི་བརྒྱུད་ལམ་ ལེགས་ཤོམ་མེད་པའི་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
ལྷན་འཛིན་གྱིས་འབད་བ་ཅིན་ མི་ཚུ་གིས་ སྤྱོད་འཐུས་མ་ཕོག་པའི་ བརྒྱུད་འཕྲིན་ཨང་གྲངས་དེ་ནང་ འབྲེལ་བ་འཐབ་ནི་འདུག་ཟེར་ཨིནམ་ད་ དུས་ཚོད་ཕར་འགྱངས་འབད་མི་ལུ་ མི་ཚུ་ སེམས་དགའ་སྟེ་འདུག་ཟེར་ཨིན་པས།
མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ གྲངས་རྩིས་ཀྱི་དོན་ལུ་ ཉིནམ་༣ གྱི་རིང་ ངལ་གསོ་བཞག་ཡོདཔ་ད་ དེ་གི་དོན་ལུ་ གྲངས་རྩིས་རྐྱབ་མི་༩,༥༧༢ དེ་ཅིག་ བཙུགས་ཡོདཔ་བཞིན་དུ་ རྫོང་ཁག་ལ་ལོ་ཅིག་ནང་ སྤྱི་ཟླ་༦ པའི་ཚེས་༡ གི་ ནུབ་མོའི་ཆུ་ཚོད་༡༡ ཚུན་ གྲངས་རྩིས་རྐྱབ་དགོཔ་ ཐོན་ཡོདཔ་ཨིན་པས།
ཁྲོམ་སྡེ་དང་ རྫོང་ཁག་གིས་ དུས་ཚོད་ནང་ མཇུག་བསྡུ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་ཡི་ཟེར་ཨིནམ་ད་ དེ་མིན་ དཀའ་ངལ་ཚུ་ ཐོན་ཐོནམ་འོང་ཟེར་ ལྷན་འཛིན་གྱིས་ བཤད་པའི་ཁར་ གཞུང་གིས་ གྲངས་རྩིས་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥༤ བྱིན་ཡོདཔ་ཨིན་པས།
འདས་པའི་ལོ་༡ གི་ནང་འཁོད་ལུ་ མི་རློབས་དང་ཁྱིམ་གྱི་གྱངས་ཁ་ ཡར་སེང་སོང་མི་དེ་གིས་ མི་རྩིས་རྐྱབ་མི་ཚུ་གིས་ ད་རུང་ ལོག་སྟེ་ ཐོ་བཀོད་འབད་དགོཔ་བྱུང་ཡོདཔ་ལས་ གྲངས་རྩིས་རྐྱབ་མི་ མངམ་བཙུགས་དགོཔ་ ཐོན་ཡོདཔ་ཨིན་པས།
གྲངས་རྩིས་རྐྱབ་མི་ཚུ་གིས་ མི་རློབས་ཀྱི་ གནས་སྡུད་དང་ ཁྱིམ་གྱི་གྲངས་རྩིས་ སོ་ནམ་དང་གསོ་བ་ ཤེས་རིག་དང་ལཱ་གཡོག་ དེ་ལས་ ཁ་སྐད་ཚུ་གི་སྐོར་ལས་ འཆར་གཞི་དང་ སྲིད་བྱུས་ཀྱི་དོན་ལུ་ གནས་སྡུད་ཚུ་ ལེན་ཡོདཔ་ཨིན་པས།
ལྷན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྡུད་ཚུ་གིས་ ལོ་ལྔའི་འཆར་གཞི་༡༢ པའི་ འཆར་གཞི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་དམིགས་དོན་ལས་རིམ་ཚུ་ བཟོ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
མི་རློབས་མང་ཤོས་ ཐིམ་ཕུག་ལུ་ སྡོད་མི་ལུ་བརྟེན་ གྲངས་རྩིས་རྐྱབ་མི་༡,༡༤༠ བཙུགས་ཡོདཔ་ད་ བསམ་རྩེ་ལུ་༨༦༣ བཀྲིས་སྒང་ལུ་༦༧༠ ཕུན་ཚོགས་གླིང་ལུ་༢༨༤ དང་ མགར་ས་ལུ་༦༢ བཙུགས་ཡོདཔ་ཨིན་པས།
གྲངས་རྩིས་རྐྱབ་མི་ཚུ་ལུ་ ཉིན་གྲངས་༤ གི་རིང་ སྦྱོང་བརྡར་བྱིན་ཡོདཔ་ད་ མཐོ་རིམ་ཤེས་ཚད་ཡོད་མི་༨༠ གིས་ གནས་སྡུད་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ སྤྱི་ཟླ་༡༢ པ་ཚུན་ འགོར་ནི་བཟུམ་ཅིག་ཡོདཔ་ད་ སྙན་ཞུ་ཚུ་ སང་ཕོད་རྐྱངམ་གཅིག་ བཏོན་ཚུགས་ནི་ཨིན་པས།
ལྷན་འཛིན་གྱིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༧ ལོའི་ གྲངས་རྩིས་དེ་ ཧེ་མ་ འགོ་འདྲེན་འཐབ་མི་དང་ཕྱདཔ་ད་ རྒྱས་སུ་སྦེ་ ཚུད་དེ་ཡོད་ཟེར་ཨིནམ་ད་ གྲངས་རྩིས་དེ་ ན་ཧིང་ སྤྱི་ཟླ་༥ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་རུང་ འཕྲུལ་རིག་གི་ དཀའ་ངལ་ལུ་བརྟེན་ ཕར་འགྱངས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *