གནས་སྐབས་ཅིག་གི་དོན་ལུ་ བཀག་དམ་འབད་མི་ གྲང་མེད་ཆུའི་སྤྲིང་ཟམ།

གྲང་མེད་ཆུའི་སྤྲིང་ཟམ་ གནས་སྐབས་ཅིག་གི་དོན་ལུ་ བཀག་དམ་འབད་ཡོདཔ།

༉ བཀྲིས་སྒང་ ཨུ་མཛོ་རོང་རྒེད་འོག་གི་ས་གནས་ ཤིང་ཕུར་ཏུ་མོ་ཟེར་སར་ གྲང་མེད་ཆུའི་གུ་ལས་ སྤྲིང་ཟམ་རྐྱབ་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༩ ལས་ སྣུམ་འཁོར་རྒྱུན་འབྲེལ་འཐབ་མ་བཅུག་པར་ བཀག་བཞག་ཡོདཔ་ཨིན་པས།
དེ་ཡང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ས་རུད་དང་ རྡོ་བུད་འོང་མི་ཚུ་གིས་ སྤྲིང་ཟམ་གྱི་ཐགཔ་༡༢ ཡོད་ས་ལས་ ཐགཔ་༡ ཆད་བཏང་པའི་ཁར་ ཐགཔ་༢ ལུ་ ཆ་ཤས་ཅིག་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཏེ་ ཨིན་པས།
བཀྲིས་སྒང་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ ཡིག་ཚང་དང་འཁྲིལ་བ་ཅིན་ རྡོ་བུད་འོང་མི་ཚུ་གིས་ ཟམ་སྤྲིང་མི་ཐགཔ་ཚུ་ སྙོམས་སྒྲིག་འབད་མི་ཅིག་ མེདཔ་བཏང་ནུག་ཟེར་ཨིནམ་ད་ གཞན་མི་༢ ལུ་ ཆ་ཤས་ཅིག་ མེདཔ་བཏངམ་མ་ཚད་ སྤྲིང་ཟམ་གྱིས་འབག་ཐེག་མི་ ལྗིད་ཚད་ཡང་ བབས་སོ་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་དེ་ གསརཔ་འཚམས་ཅིག་ཨིནམ་བཞིན་དུ་ ཅ་ཆས་ཚུ་ སྤུས་ཚད་མེད་ནི་དེ་གིས་ ཐགཔ་ཆད་སོཔ་མེན་པར་ གྱེན་གཟར་དྲགས་གུ་ལས་ རྡོ་བུད་འོངམ་ད་ ཐགཔ་གུ་ཕོག་ནི་དེ་གིས་ ཆད་སོ་ནུག་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཐགཔ་༡༢ ཡོད་ས་ལས་ ལྗིད་ཚད་འབག་མི་ཐགཔ་གུ་ རྡོ་ཕོགཔ་ད་ འཇམ་ཏོང་ཏོ་སྦེ་ཆད་སོ་ནུག་ཟེར་ཨིནམ་ད་ ཉམས་བཅོས་འབད་ནིའི་དོན་ལུ་ ཟད་འགྲོ་སྦོམ་མི་གནས་ཟེར་ཨིནམ་ད་ དེ་ཡང་ ཐགཔ་དེ་མཛོད་ཁང་ཡོད་ནི་དེ་གིས་ཨིན་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཨུ་མཛོ་རོང་ལུ་སྡོད་མི་ བཟོ་རིག་འགོ་དཔོན་ རྡོ་རྗེ་གྲགས་པ་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་བཅུག་པ་ཅིན་ སྤྲིང་ཟམ་ལུ་ ཧེང་སྐལ་ར་ གནོད་པ་འབྱུང་ནི་མས་ཟེར་ཨིནམ་ད་ ཞབས་ཏོག་ལྷན་ཁག་ལས་ ཟམ་ཞིབ་དཔྱད་འབད་ནིའི་དོན་ལུ་ འགོ་དཔོན་དང་ མཁས་མཆོག་ཚུ་ འོང་ཡི་ཟེར་ཨིན་པས།
ཟམ་ལེགས་བཅོས་དང་ ལོག་ཐགཔ་སྤྲིང་ནིའི་དོན་ལུ་ དུས་ཚོད་ག་དེམ་ཅིག་ འགོར་འོང་ག་ སླབ་མི་ཤེས་པས་ཟེར་ ཁོ་གིས་བཤད་པའི་ཁར་ ཉམས་བཅོས་འབད་ནིའི་དོན་ལུ་ མཁས་མཆོག་དང་ འཕྲུལ་ཆས་ཚུ་ དགོ་པས་ཟེར་ཨིན་པས།
འགོ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ ཟམ་དེ་ སྤུས་ཚད་ག་དེམ་ཅིག་ཡོད་རུང་ རང་བཞིན་གྱི་ རྐྱེན་ངན་ཚུ་བྱུངམ་ད་ བཀག་མི་ཚུགས་པས་ཟེར་ཨིནམ་ད་ འགྲོ་འགྲུལ་འབད་མི་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ ས་གནས་དེ་ཁར་ལས་ འགྲོ་འགྲུལ་འབད་ནི་ལུ་ འཛེམ་གནང་ཟེར་ཨིན་པས།
སྤྲིང་ཟམ་དེ་ ཨུ་མཛོ་རོང་ལས་ བཀྲིས་སྒང་དང་ མོང་སྒར་གཞུང་ལམ་མཁར་ མཐུད་སྦྲེལ་འབད་དོ་ཡོདཔ་ད་ ཟམ་དེ་ བཀྲིས་སྒང་ལས་ ཀི་ལོ་མི་ཊར་༢༥ དང་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༡ དེ་ཅིག་ལུ་ ཡོདཔ་ཨིན་པས།
ཨིན་རུང་ རྒཔོ་རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ མི་སེར་ཚུ་ འགྲོ་འགྲུལ་འབད་སའི་ གདམ་ཁ་གཞན་ཡོདཔ་ལས་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་མེད་ཟེར་ཨིནམ་ད་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་ས་ ཁེན་སྟོང་མ་ཎི་བརྒྱུད་དེ་འགྱོ་སའི་ རྒེད་འོག་ལྟེ་བའི་ འཁོར་ལམ་ཡོད་ཟེར་ཨིན་པས།
སྤྲིང་ཟམ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༡.༦ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ སྤྲིང་ཟམ་འགོ་འབྱེད་འབད་དེ་ ལོ་༡ དེ་ཅིག་ ལང་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༧ པའི་ཚེས་༢༥ འི་ཕྱི་རུ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ བཀྲིས་སྒང་ལས་ མོང་སྒར་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་ཚུ་ཡང་ བསུབས་ཡོདཔ་ཨིན་པས།
གཞུང་ལམ་མང་ཤོས་ཅིག་ ཌཱན་ཊག་གིས་ ལྟ་རྟོག་འབད་དོ་ཡོདཔ་ད་ ཀུན་གསལ་གྱིས་ འཁོར་ལམ་བསུབས་མི་ཚུ་ ནམ་བསལ་ཚུགས་ག་དང་ ལམ་གྱི་གནས་སྟངས་སྐོར་ལས་ ཌཱན་ཊག་གི་ འགོ་དཔོན་ཚུ་དང་འབྲེལ་བ་འཐབ་པའི་སྐབས་ ལན་གསལ་ག་ནི་ཡང་ སླབ་མ་བཏུབ།
གཞུང་ལམ་དེ་ཡང་ བཀྲིས་སྒང་ལས་ བཀང་ལུང་ཁ་ཐུག་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་གནས་ བམ་རི་གྲང་ཟེར་སར་ ལམ་རྒྱ་སྦོམ་སྦེ་ར་ བསུབས་ཡོདཔ་ད་ བཀྲིས་སྒང་ཁྲོམ་དང་ བཀྲིས་སྒང་སྤམ་གྱི་བར་ན་ཡང་ འཁོར་ལམ་བསུབས་ཡོདཔ་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ཐོགས་ལུས་ཡོད་པའི་གནས་ཚུལ།
བཀྲིས་སྒང་། གནས་བརྟན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *