གྱེན་ལོག་དམག་རྒོལ་གྱི་ རྒྱུད་བསྐུལ་ཉེས་འཛུགས་ཅན་ཚུ་གིས་ རྩོད་གཞི་ཕྱིར་འབུད་གནང་དགོ་པའི་ཞུ་བ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་ ཕྱིར་བཏོན་འབད་ནིའི་དོན་ལུ་ གྱོས་ངན་བརྩམས་ཏེ་ གྱེན་ལོག་དམག་རྒོལ་གྱི་ རྒྱུད་བསྐུལ་གྱི་ ཉེས་འཛུགས་འབད་མི་ཚུ་ལུ་ མིག་དཔེ་རུང་བའི་ བཙོན་ཁྲིམས་མཐོ་ཤོས་ བཀལ་དགོ་པའི་ ཞུ་བ་འབད་མིའི་ལན་ལུ་ ཁ་ཙ་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོག་མའི་སྙན་གསན་འབད་བའི་སྐབས་ ཉེས་འཛུགས་ཅན་༣ གྱིས་ རྩོད་གཞི་ དེ་ ཕྱིར་བཏོན་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཀུན་ལེགས་ཚེ་རིང་དང་ སྐུ་སྲུང་དམག་སྡེའི་ བཀོད་དཔོན་བགྲེསཔ་ མདོ་འཛིན་འཕྲིན་ལས་སྟོབས་རྒྱས་ཀྱི་ ངོ་ཚབ་༢ ཀྱིས་ ཁྲིམས་འདུན་ལུ་ཚབ་སྦེ་ འཛུལ་ཡོདཔ་ལས་ ཁ་ཙ་ ཁོང་༢ ཁྲིམས་ཀྱི་འདུན་སར་ ངོ་རྐྱང་སྦེ་ མ་བཅར་རུང་ པདྨ་དགའ་ཚལ་གྱི་དྲང་དཔོན་ ཡེ་ཤེས་རྡོ་རྗེ་ཁོ་ར་གིས་ བརྒལ་ལན་ཕུལ་ཡོདཔ་ཨིན་པས།

ཨིན་རུང་ མཁའ་འགྲོ་དབང་མོ་དེ་ ནད་གཞི་གཞང་འབྲུམ་ ཐོབ་ཡོདཔ་ལས་ ཁ་ཙ་ བཅར་མ་ཚུགས་རུང་ ཤུལ་མའི་སྙན་གསན་ མ་འབད་བའི་ཧེ་མར་ བརྒལ་ལན་ཕུལ་དགོ་ནི་ཨིན་པས།

དྲང་དཔོན་ཀུན་ལེགས་ཚེ་རིང་གི་ བུམོ་དེ་གིས་ ངོ་ཚབ་སྦེ་ འཛུལ་ཡོདཔ་ད་ འཕྲིན་ལས་སྟོབས་རྒྱས་ཀྱི་ སྤུན་ཆ་ཅིག་གིས་ ངོ་ཚབ་འབད་དོ་ཡོད་རུང་ ཁོང་ཆ་ཁྱབ་ཀྱི་ རྒྱབ་མི་མེདཔ་ཨིན་པས།

དྲང་དཔོན་ཡེ་ཤེས་རྡོ་རྗེ་གིས་ ཁོ་ར་ཉམས་རྒུདཔ་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་བཀོད་མི་ཅིག་ཨིན་རུང་ ད་རེས་ ཉམས་རྒུདཔ་ལུ་ གྱུར་ཡོད་ཟེར་  ཐོག་མའི་སྙན་གསན་ནང་ ཞུ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དྲང་དཔོན་ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ཡང་ ཁོ་ར་ མཁའ་འགྲོ་དབང་མོའི་ འབྱིད་སྐོར་ནང་ཚུད་པའི་ ཉམས་རྒུདཔ་ཨིན་ཟེར་ ཞུ་ཡོད་པའི་ཁར་ འཕྲིན་ལས་སྟོབས་རྒྱས་ཀྱི་ ངོ་ཚབ་ཀྱིས་ཡང་ མགུ་སྐོར་ནང་བཙུགས་པའི་ ཉམས་ རྒུདཔ་ཨིན་ཟེར་ ཞུ་ཐོག་ལས་ རྩོད་གཞི་དེ་ ཕྱིར་འབུད་གཏང་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས། 

གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་རྩོད་གཞི་དེ་བཟུམ་ནང་ རྒྱབ་མི་ཚུ་ ཐོབ་དགོཔ་ཨིན་རུང་ རྒྱལ་ཁམས་ལུ་ ཚོར་ཤུགས་ཅན་གྱི་ གནད་དོན་ཅིག་འབདཝ་ལས་ གོ་སྐབས་ལེན་མི་ མ་ཐོན་པས་ཟེར་ཨིན་པས།

ཁོང་གསུམ་ཆ་ར་གིས་ ཁ་ཙ་ཡང་ གློད་གྲོལ་གནང་དགོ་པའི་ ཞུ་བ་འབད་ཡོད་རུང་ ཁྲིམས་འདུན་ལས་ ངོས་ལེན་འབད་མ་བཏུབ་པས།

ཤུལ་མའི་བརྒལ་ལན་སྙན་གསན་དེ་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ འབད་ནི་ཨིན་པས།

གནད་དོན་དེ་ ཚོར་ཤུགས་ཅན་འབདཝ་ལས་ བརྡ་བརྒྱུདཔ་ཚུ་ ནང་ན་མ་བཙུགས་པའི་ཁར་ ད་ལས་ཕར་ བཙུགས་ནི་གི་ འཆར་གཞི་ཡང་ མེདཔ་ཨིན་པས།

ཉེས་འཛུགས་ཅན་ཚུ་གི་གྲས་ལས་ མཁའ་འགྲོ་དབང་མོ་ལུ་ ཉེས་འཛུགས་ཁག་༡༡ དང་ ཡེ་ཤེས་རྡོ་རྗེ་ལུ་ཁག་༢ དེ་ལས་ ཀུན་ལེགས་ཚེ་རིང་ལུ་ ཁག་༣ དང་ འཕྲིན་ལས་སྟོབས་རྒྱས་ལུ་ ཉེས་འཛུགས་ཁག་༥ འབད་མིའི་གྲས་ལས་ ཁོང་ཆ་ཁྱབ་ལུ་ ཉེས་འཛུགས་ཚབས་ཆེན་དེ་ར་ གྱེན་ལོག་དམག་རྒོལ་གྱི་ གྱོས་ངན་བརྩམས་པའི་ ཉེས་འཛུགས་འབད་མི་དེ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *