གྱི་གསོབ་གནད་དོན་ནང་འབྲེལ་བ་ཡོད་མི་ དོགས་པ་ཅན་ ཕོ་སྐྱེས་༥ འཛིན་བཟུང་འབད་ཡོདཔ།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༤ ལང་མི་ བུཚ་ཅིག་ལུ་ གྱི་གསོབ་ཡོད་པའི་ཐད་ཁར་ སྐྱེས་ལོ་༢༣ ལས་༢༨ ཀྱི་བར་ན་འབད་མི་ ཕོ་སྐྱེས་༥ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ཐིམ་ཕུག་ཨོ་ལ་ཁ་ ཤེ་རི་ཨིས་ཀོ་ཡེར་ས་ཁོངས་ཀྱི་ ཉེ་འདབས་ལུ་ འཐབ་འཛིང་འབད་བའི་ཤུལ་ལུ་ བྱུང་ནུག།

གནད་དོན་དེ་གི་སྐོར་ལས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཁྲིམས་སྲུང་འགག་པ་ལུ་ གྱི་གསོབ་ཡོད་པའི་ ཕོ་སྐྱེས་ཅིག་ སྨན་ཁང་ནང་ སྨན་བཅོས་འབད་བར་ ལྷོད་ཡོད་པའི་ སྙན་ཞུ་འབད་ནུག།

ཉམས་རྒུདཔ་ཕོ་སྐྱེས་དེ་གི་ བརླད་དོ་གཡོནམ་དང་ ལགཔ་གཡསཔ་གུ་ རྨ་སྐྱོན་བྱུང་ནུག།

ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཉམས་རྒུདཔ་དང་ དོགས་པ་ཅན་ཕོ་སྐྱེས་ཚུ་ ཨོ་ལ་ཁ་ལུ་ཡོད་མི་ སྤྲོ་སྟོན་ཁང་ཅིག་ནང་ མ་འཛུལ་བའི་སྒོ་ཁར་ ཁ་ཤགས་རྐྱབ་པའི་ཤུལ་ལུ་ ཕོ་སྐྱེས་སྡེ་ཚན་དེ་གིས་ གྱི་གསོབ་བྱིན་ཡོདཔ་སྦེ་ཨིན་པས།

ཉམས་རྒུདཔ་དེ་གིས་ དོགས་པ་ཅན་ཚུ་ ངོ་མ་ཤེས་ཏེ་འབད་རུང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཨོ་ལ་ཁ་ལུ་ཡོད་མི་ སྤྲོ་སྟོན་ཁང་ནང་ ལཱ་འབད་མི་ཚུ་ དྲི་དཔྱད་འབད་བའི་སྐབས་ལུ་ བདའ་ཟུན་ཡོདཔ་སྦེ་ཨིན་པས།

དེ་འབདཝ་ད་ རྐྱེན་ངན་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ བྱུང་ཡོདཔ་ཨིན་རུང་ དོགས་པ་ཅན་ཚུ་ དེ་གི་ནངས་པར་རྐྱངམ་གཅིག་ འཛིན་བཟུང་འབད་ཚུགས་ནུག།

དོགས་པ་ཅན་ཚུ་ཡང་ ལྷ་བྲིསཔ་དང་ ལྟ་བཤལ་ལམ་སྟོན་པ་ དེ་ལས་ ལ་ལོ་ཅིག་ ལཱ་གཡོག་མེད་མི་ཚུ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་པ་ཅན་ ཕོ་སྐྱེས་ཚུ་གིས་ ཉེས་ལས་འཐབ་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་མ་ཚད་ ཁོང་གིས་ལག་ལེན་མི་ གྱི་ཅུང་དེ་ཡང་ འཕྱོག་བཟུང་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *