གྱངས་ཁ་ངེས་བདེན་ཨིན་པ་ཅིན་ བཟའ་སྤྱོད་རང་ལྡང་བཟོ་ཚུགས་པའི་བརྡ་མཚོན།

༉ སོ་ནམ་ལྷན་ཁག་གིས་ བརྟག་ཞིབ་འབདཝ་ད་ འབྲུག་ཤར་ཕྱོགས་རྫོང་ཁག་༦ ནང་ ན་གཞོན་༣,༠༠༠ ལྷགཔ་ཅིག་ སོ་ནམ་གྱི་ ལཱ་འབད་བར་ རང་སའི་གཡུས་ཚན་ཚུ་ནང་ སོང་ཡོད་པའི་ མངོན་གསལ་བྱུང་མི་དེ་ ངེས་བདེན་ཨིན་པ་ཅིན་ གྲོང་གཡུས་ལས་ ཁྲོམ་སྡེ་ལུ་ གནས་སྤོ་འགྱོ་བའི་ དཀའ་ངལ་སེལ་ནི་དང་ འབྲུག་རྒྱལ་ཁབ་འདི་ བཟའ་སྤྱོད་རང་ལྡང་གི་ ལམ་ཕྱོགས་ལུ་ ཞུགས་ནི་གི་ བརྡ་མཚོན་ཅིག་ཨིན་མས།
དེ་ཡང་ གཡུས་ཁ་ལུ་ ལོག་སོང་མི་ ན་གཞོན་ཚུ་ སློབ་རིམ་༡༠ པ་དང་ ཡང་ཅིན་༡༢ པ་མཇུག་བསྡུ་མི་ཚུ་ཨིནམ་སྦེ་ བརྟག་ཞིབ་སྙན་ཞུ་ནང་ བཀོད་ཡོདཔ་ད་ དེ་སྦེ་ར་ཨིན་པ་ཅིན་ ད་ཚུན་གྱི་བར་ན་ ང་བཅས་རའི་ ན་གཞོན་ཚུ་ གྲོང་གཡུས་ལས་ ཁྲོམ་ཁ་ལུ་ གནས་སྤོ་འོང་མི་ལུ་བརྟེན་ གྲོང་གཡུས་ཚུ་ནང་ སོ་ནམ་གྱི་ ལཱ་འབད་མི་མེད་པའི་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་པའི་ ནམ་དུས་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ གཡུས་ཚན་ཚུ་ནང་ ན་གཞོན་མངམ་ཡོད་པའི་བསྒང་ལས་ ལས་མིའི་དཀའ་ངལ་ སེལ་ཚུགས་ནི་དང་ སོ་ནམ་གྱི་ ལཱ་འབད་དེ་ རྒྱལ་ཁབ་ཀྱི་ རང་འཚོ་རང་ལྡང་གི་ དམིགས་ཡུལ་འགྲུབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ གདོང་ལེན་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ ན་གཞོན་ཚུ་གིས་ རྫོང་ཁག་༦ རྐྱངམ་གཅིག་ནང་མེན་པར་ རྫོང་ཁག་ག་རའི་ནང་ ལོག་འགྱོ་ཐོག་ལས་ སོ་ནམ་གྱི་ ལཱ་ལུ་བརྩོན་པ་ཅིན་ གུང་སྟོང་གི་ དཀའ་ངལ་དང་ ས་ཞིང་ཚུ་ བཟའ་སྤྱོད་མ་འབད་བར་ ལུས་མི་ཚུ་ཡང་ ཚལ་མ་ལུ་ འགྱུར་ནི་ལས་ བཀག་ཚུགས་ནི་ཨིན་མས།
སོ་ནམ་གྱི་ རྩིས་དཔྱད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ནང་ སོ་ནམ་ལུ་བརྟེན་མི་ ཁྱིམ་གུང་བརྒྱ་ཆ་༥༣ ལུ་ ལས་མི་མ་ཐོབ་མི་དང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་ནི་དེ་གིས་ སོ་ནམ་ལཱ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནུག་ཟེར་ཨིན་མས།
དེ་ཡང་ སོ་ནམ་ལཱ་འབད་མི་ ཁྱིམ་གུང་བརྒྱ་ཆ་༤༠ གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ཁར་ བརྒྱ་ཆ་༧ དེ་ཅིག་ལུ་ རང་བཞིན་གྱི་་རྐྱེན་ངན་ཚུ་ལུ་བརྟེན་ ལོ་ཐོག་གི་ ཐོན་ཤུགས་ལུ་ ཐོ་ཕོག་ཡོདཔ་སྦེ་ཨིན་མས།
དེ་མ་ཚད་ ན་ཧིང་ རྒྱལ་ཁབ་ནང་འཁོད་ལུ་ རི་དྭགས་སེམས་ཅན་ཚུ་གིས་ འབྱ་མེ་ཊིག་ཊཱན་༡,༣༥༦ དང་ གེ་ཟ་མེ་ཊིག་ཊཱན་༣,༨༩༢ མེདཔ་བཏང་ཡོདཔ་མ་ཚད་ ཐོན་སྐྱེད་ལེགས་ཤོམ་ཡོད་མི་ཚུ་ལུ་ ཚོང་འབྲེལ་འཐབ་ས་མེད་པའི་ དཀའ་ངལ་བྱུང་ནུག།
འདི་བཟུམ་མའི་ གནས་སྟངས་ལུ་ བལྟ་བ་ཅིན་ རྒྱལ་ཁབ་ནང་ བཟའ་སྤྱོད་ཀྱི་ ཉེན་སྲུང་མི་འོང་ནི་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
ཨིན་རུང་ ང་བཅས་ཀྱི་ ན་གཞོན་ཚུ་གིས་ ཁྲོམ་སྡེ་ཚུ་ནང་ བཤལ་འཁྱམས་མ་སྡོད་པར་ རང་སོའི་གཡུས་ཁ་སོང་སྟེ་ སོ་ནམ་དང་ སྒོ་ནོར་ལ་སོགས་པའི་ ལཱ་ཚུ་ལུ་ ཤུགས་བཏོན་པ་ཅིན་ བཟའ་འཐུང་གི་ ཉེན་སྲུང་ལུ་ ལྷན་ཐབས་འབྱུང་ནི་དང་ མཐའན་མཇུག་ལུ་ བཟའ་འཐུང་ཚུ་གི་ཐད་ལུ་ལྷོདཔ་ད་ རང་མགོ་རང་འདྲོངས་བཟོ་ནི་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
དེ་འབདཝ་ད་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ རྩི་རང་རྫོང་ཁག་ནང་ འཛམ་གླིང་བཟའ་སྤྱོད་ཀྱི་ཉིནམ་ བརྩི་སྲུང་འབདཝ་ད་ སོ་ནམ་ལྷན་ཁག་གིས་ ཤར་ཕྱོགས་རྫོང་ཁག་༦ ནང་ ན་གཞོན་༣,༠༠༠ ལྷགཔ་ཅིག་ རང་སོའི་གཡུས་ཁར་སོང་སྟེ་ སོ་ནམ་གྱི་ ལཱ་འབད་ནི་ འགོ་བཙུགས་ནུག་ཟེར་ གསལ་བསྒྲགས་འབད་བའི་ཤུལ་ལས་ ལ་ལོ་ཅིག་གིས་ གྱངས་ཁ་དེ་ ཏན་ཏན་ག་དེ་སྦེ་འོང་ག་ཟེར་ དྲི་བཀོད་འབད་ནི་ཡང་ འགོ་བཙུགས་ནུག།
གོང་ལུ་ གསལ་བཀོད་འབད་དོ་བཟུམ་ གཡུས་ཁར་སོང་མིའི་ གྱངས་ཁ་དེ་ ངེས་བདེན་ཨིན་པ་ཅིན་ རྫོང་ཁག་གཞན་ཚུ་ནང་ཡང ན་གཞོན་ཚུ་ལུ་ སོ་ནམ་གྱི་ ལཱ་ཚུ་ལུ་ སེམས་ཤུགས་བསྐྱེད་དེ་ སྐྱིན་འགྲུལ་དང་ མཐུན་རྐྱེན་གཞན་ཚུ་ བྱིན་དགོཔ་བཞིན་དུ་ གལ་སྲིད་ བདེན་ཁུངས་མེད་པའི་ གནད་དོན་ཨིན་པ་ཅིན་ འབྲེལ་ཡོད་ལྷན་ཁག་ལུ་ གོ་བ་བརྡ་ལོག་སྤྲོད་པའི་ འགན་འཁྲི་བཀལ་ནི་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *