གོང་འཕེལ་ནང་ མི་སྡེའི་འབྲེལ་གཏོགས་ཁག་ཆེ།

༉ འབྲུག་བཟུམ་མའི་ བྱག་དང་རི་གིས་བསྐོར་བའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་འདི་ནང་ གོང་འཕེལ་གྱི་ ལས་སྣ་ག་ཅི་ར་ འགོ་འདྲེན་འཐབ་རུང་ རང་བཞིན་གནས་སྟངས་དང་ འཁྲིལ་དགོཔ་བཞིན་དུ་ གོང་འཕེལ་དེ་ བཏགས་སར་སྐྱེལ་དགོ་པ་ཅིན་ ཡུན་བརྟན་ཚུགསཔ་བཟོ་དགོཔ་ཨིན།
དེ་མ་ཚད་ གོང་འཕེལ་ཡུན་བརྟན་བཟོ་ནིའི་དོན་ལུ་ མི་སྡེ་གིས་ འབྲེལ་གཏོགས་འབད་དགོཔ་དེ་ ག་ནི་བ་གལ་ཆེ།
ཨིན་རུང་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ཀྱི་ ས་ཁར་མཐོ་སར་སྡོད་མི་ མི་སྡེ་ཚུ་ གོང་འཕེལ་ལས་སྣ་ཚུ་ནང་ ཐད་ཀར་དུ་ འབྲེལ་གཏོགས་འབད་ནི་མེདཔ་ལས་ ས་གནས་དེ་ཚུ་གི་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནི་ལུ་ གཙོ་རིམ་བཟུང་པའི་ཞོར་ཁར་ མི་སྡེ་ཚུ་ལུ་ཡང་ གོང་འཕེལ་གྱི་ ཁེ་ཕན་བྱུང་ཡོདཔ་ཨིན་མས།
འདི་འབདཝ་ལས་ གཞུང་གི་ཧོངས་ལས་ རང་བཞིན་གནས་སྟངས་དང་ རི་དྭགས་སེམས་ཅན་ཚུ་ ཉམས་སྲུང་འབད་ནི་ལུ་ གཙོ་རིམ་བཟུངམ་ད་ མི་སྡེ་ཚུ་གིས་ཡང་ གོང་འཕེལ་གྱི་ ལས་དོན་ཚུ་ནང་ འབྲེལ་གཏོགས་གངམ་མ་འབད་བར་ སྡོད་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
ཨིན་རུང་ གོང་འཕེལ་གྱི་ འགྱུར་བ་དང་ དུས་ཚོད་དང་འཁྲིལཝ་ད་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ ཞུགས་དགོ་པ་ཅིན་ མི་སྡེ་ཚུ་གི་ འབྲེལ་གཏོགས་ཁག་ཆེཝ་ཨིནམ་ ཁོ་གྱོང་པ་གཉིས་ཆ་ར་གིས་ ཧ་གོ་སྟེ་ ད་རེས་ནངས་པར་ ལ་མཐོ་སའི་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ལུ་ བརྩི་མཐོང་བསྐྱེད་ནི་དང་ ངོས་འཛིན་འབད་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ དགའ་སྟོན་དང་འབྲེལ་བའི་ ལས་རིམ་འགོ་འདྲེན་འཐབ་མ་ཚད་ ལོ་མཐོ་སའི་ མི་སེར་ཚུ་ རྒྱལ་ས་ལྟེ་བ་ལུ་འོང་སྟེ་ གཞུང་དང་གཅིག་ཁར་ ཁོང་རའི་ དཀའ་ངལ་དང་ སྐྱིད་སྡུག་ཚུ་ སེལ་ཐབས་འབད་དགོ་པའི་ གྲོས་བསྡུར་འབད་ནི་ འགོ་བཙུགས་ཡོདཔ་ཨིན།
དེ་གི་ནང་དོན་ཉིད་ལས་ཡང་ མི་སྡེ་དེ་ཚུ་ རབས་ཆད་ཉེན་ཡོད་མི་ རི་དྭགས་སེམས་ཅན་དང་ འཁྱམས་སའི་ས་ཁོངས་ དེ་ལས་ སྔོ་ཤིང་གི་རིགས་ ཉེན་སྐྱོབ་འབད་ནིའི་དོན་ལུ་ ཉམས་སྲུང་ལས་འགུལ་ཚུ་ནང་ འབྲེལ་གཏོགས་འབད་མི་ཚུ་ལུ་ བལྟ་བ་ཅིན་ ང་བཅས་རའི་ སྲིད་བྱུས་རྩམ་མི་ཚུ་གིས་ གོང་འཕེལ་ལས་དོན་ག་ཅི་ནང་འབད་རུང་ མི་སྡེའི་འབྲེལ་འཛིན་ ཁག་ཆེ་བའི་སྐོར་ ཤེས་རྟོགས་བྱུང་ཡོད་པའི་ བརྡ་མཚོན་སྟོནམ་མས།
ས་ཁར་མཐོ་སར་སྡོད་མི་ཚུ་ ས་མཚམས་ཀྱི་ ཉེན་སྲུང་བདག་གཉེར་འབད་མི་དང་ སྐྱེ་ལྡན་གནས་སྟངས་ བདག་འཛིན་འཐབ་མི་ཨིནམ་ལས་ ཁོང་ཆ་ཁྱབ་ ཁོང་རའི་ས་གོ་ནང་ར་ སྡོད་ནི་གི་ སྤྲོ་བ་བསྐྱེད་ཐབས་ལུ་ འཕྲལ་ཁམས་ཅིག་ཁར་ གཞུང་ལུ་ གྲོས་འདེབས་ཕུལ་དོ་བཟུམ་ ཤེས་རིག་དང་ གསོ་བའི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་ཐོག་ ཡུན་བརྟན་བཟོ་བ་ཅིན་ མཐའ་འཁོར་གནས་སྟངས་ ཉམས་སྲུང་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་རུང་ ང་བཅས་ཀྱི་མི་སྡེ་ རྒྱལ་ཁབ་ཀྱི་ ས་ཁོངས་མཐོ་དམན་དང་ མཐའ་མཚམས་ལ་སོགས་པའི་ ས་གནས་ག་ཏེ་ལུ་ར་སྡོད་རུང་ རྒྱལ་ཁམས་ཀྱིས་ དོ་ཟླ་མི་མཉམ་པའི་ འོང་འབབ་དང་ རྒྱུ་ནོར་གཅིག་དབང་གང་ཉུང་བཟོ་ནིའི་ སྲིད་བྱུས་ཚུ་ ཡར་རྒྱས་བཏང་སྟེ་ བསྟར་སྤྱོད་འབད་ནི་དང་ ངོ་རྐྱང་ཚུ་དང་ རྒྱལ་ཁབ་ཀྱི་ ས་གནས་སོ་སོར་སྡོད་མི་ཚུ་གི་བར་ན་ དམངས་ཀྱི་མཐུན་རྐྱེན་ཚུ་ སྤྱི་སྙོམས་ཀྱི་ བཀྲམ་སྤེལ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
དེ་མ་ཚད་ རྒྱལ་ཁམས་ཀྱིས་ རྒྱལ་ཡོངས་ཀྱི་ ཐོན་ཁུངས་བགོ་སྐལ་ཐོག་ལས་ དོ་ཟླ་མཉམ་པའི་ མི་སྡེ་དཔལ་འབྱོར་ གོང་འཕེལ་འབྱུང་ཐབས་ལུ་ དགོས་མཁོ་སོ་སོར་གཞི་བཞག་སྟེ་ རྫོང་ཁག་ཆ་མཉམ་ལུ་ སྤྱི་སྙོམས་ཀྱི་ སྐྱོང་གཞག་ངེས་པར་ འཐབ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
ད་རེས་འབདཝ་ད་ ང་བཅས་ག་ར་གིས་ ས་མཐོ་སར་སྡོད་མི་ཚུ་གི་ ཚ་གྱང་དང་ སྐྱིད་སྡུག་གི་སྐོར་ལས་ ཧ་གོ་ཡོདཔ་ལས་ སྲིད་བྱུས་རྩམ་མི་ཚུ་གིས་འབད་རུང་ མི་སྡེ་གིས་ འབྲེལ་གཏོགས་འབད་ནི་ལུ་ གཙོ་རིམ་བཟུང་བའི་ གོང་འཕེལ་ལས་སྣ་ཚུ་ ཡུན་བརྟན་བཟོ་སྟེ་ རྒྱལ་ཡོངས་ཀྱི་ ཐོན་ཁུངས་བགོ་སྐལ་ཐོག་ལས་ དོ་ཟླ་མཉམ་པའི་ མི་སྡེ་དཔལ་འབྱོར་ གོང་འཕེལ་གྱི་ ཕན་ཁྱད་སྨིན་ཚུགསཔ་ བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *