མུ་ཏིག་ཐང་ལུ་ མེ་རླུང་རྒྱ་རྫི་སོར་ནིའི་དོན་ལས་ མི་ཚུ་སྒུག་སྡོད་པའི་བསྒང་།

གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫིའི་དོན་ལུ་ ཁྲོམ་ཁར་སྡོད་མི་ ཉམ་ཆུང་ཚུ་ངོས་འཛིན་འབད་ནི།

༉ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ སང་ཕོད་ཀྱི་ལོ་ནང་ ཁྲོམ་སྡེ་བཞི་ལས་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་བསྡུ་ནི་ཟེར་མི་ལུ་ ཡོངས་འབྲེལ་ནང་ལས་ཕར་ སྐྱོན་བརྗོད་བྲིས་མི་དང་ རང་རྐྱང་སྦེ་ སྐྱོན་བརྗོད་འབད་མི་ མང་རབས་ཅིག་ ཐོན་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ དེ་སྦེ་ཐག་བཅད་མི་ལུ་ སེམས་དང་མ་ལྡན་པར་ཡོད་མི་ ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཁྲོམ་ཁར་གློག་མེའི་ཁྲལ་མང་སུ་སྦེ་ བཏབ་དོ་ཡོདཔ་ལས་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་ འཐོབ་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ གྲོང་གསེབ་ནང་ གློག་མེའི་ཁྲལ་ ཉུང་སུ་ལས་བརྒལ་ བཏབ་མ་དགོ་ནི་དེ་གིས་ཨིན་ཟེར་བའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ ཁྲོམ་ཁར་སྡོད་མི་ཚུ་གི་ དངུལ་ཕོགས་མང་ཤོས་ར་ ཁང་གླར་སྤྲོད་དོ་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ གོང་ཚད་ཕབ་ཆག་ཡོད་མི་ རྒྱ་རྫི་དེ་བྱིན་དགོཔ་འདུག་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ གློག་ཆས་ལག་ལེན་འཐབ་མི་ཚུ་ལུ་ གློག་མེའི་ཁྲལ་ཕབ་ཆག་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
དེ་སྦེ་ སྐྱོན་བརྗོད་འབད་མི་ལུ་ ཚོང་འབྲེལ་ལས་ཁུངས་ཀྱི་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་དེ་ ཁྲོམ་སྡེ་ནང་ བཀག་ཆ་འབད་ནི་ཨིན་ཟེར་མི་དེ་ མེ་རླུང་རྒྱ་རྫི་མ་ལང་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ཨིན་ཟེར་ཨིན་པས།
གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་དེ་ ཁྲོམ་ཁར་བཀྲམ་སྤེལ་འབད་ནི་དང་ གོང་ཚད་ཕབ་ཆག་ཡོད་མི་ རྒྱ་རྫི་དེ་ གྲོང་གསེབ་དང་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཉོ་མ་ཚུགས་མི་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས།
གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ ཁྲོམ་ཁར་བཀྲམ་སྤེལ་འབད་ཐབས་ལུ་ འབྲུག་མི་ཚུ་གིས་ གསར་གཏོད་འབད་དེ་ ང་བཅས་ཀྱི་འགན་ཁུར་ཟེར་ ལྷན་རྒྱས་དང་ ལས་སྡེ་ དེ་ལས་ སྒེར་སྡེ་ལ་སོགས་པ་ཚུ་ལུ་ ཁས་བླངས་ཐོག་ལས་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ཚུ་ ལོག་སྤྲོད་ནིའི་ལས་རིམ་ཡང་ བརྩམས་ཡོདཔ་ཨིན་པས།
དབུལ་ཕོངས་དབྱེ་དཔྱད་སྙན་ཞུ་༢༠༡༧ དང་འཁྲིལ་བ་ཅིན་ གྲོང་གསེབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༡༡.༩ ཡོད་མི་དེ་ ཁྲོམ་སྡེ་དང་ཕྱདཔ་ད་ བརྒྱ་ཆ༠.༨ ཀྱིས་ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ ཁྱིམ་གུང་གི་ གནས་ཚད་ལས་བཅད་པ་ཅིན་ ཁྲོམ་སྡེ་དང་ཕྱདཔ་ད་ རྫོང་ཁག་ནང་ དབུལ་ཕོངས་ཀྱི་དཀའ་ངལ་མང་སུ་ཡོདཔ་སྦེ་ཨིན་པས།
ཐིམ་ཕུག་ལུ་འབད་བ་ཅིན་ བརྒྱ་ཆ་༠.༢ ཡོདཔ་ད་ དེ་གི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་༠.༥ ཕུན་ཚོགས་གླིང་ལུ་༠.༧ དེ་ལས་ དགེ་ལེགས་ཕུག་ལུ་༡.༡ ཨིནམ་ད་ དབུལ་ཕོངས་ཀྱི་དཀའ་ངལ་མཐོ་ཤོས་ར་ དར་དཀར་ནང་ལུ་༢༣.༧ དང་ དེ་གི་ཤུལ་ལས་ གཞལམ་སྒང་ལུ་༡༦.༣ དེ་ལས་ མོང་སྒར་ལུ་འབད་བ་ཅིན་༡༤ ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ལྷན་ཁག་གི་ གོང་ཚད་ཕབ་ཆག་མེད་པའི་ མི་རླུང་རྒྱ་རྫི་ལག་ལེན་འཐབ་ནི་ཨིན་ན་ ཡང་ཅིན་ གློག་ཆས་ལག་ལེན་འཐབ་ནི་ཨིན་ནའི་དོན་ལུ་ དུས་ཚོད་ཟླཝ་༦ བྱིན་ཏེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་འགྱུར་བ་གསརཔ་དེ་ ཚོགས་ཁང་ནང་ གྲོས་བསྡུར་འབད་མི་དང་ མི་སྡེ་བརྡ་བརྒྱུད་ཐོག་ལས་ བསམ་འཆར་ལེན་མིའི་གྲུབ་འབྲས་ཨིནམ་མ་ཚད་ མི་གཅིག་གིས་ལཱ་དང་ གཅིག་གིས་ཐག་མ་བཅད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ བརྡ་བརྒྱུད་དང་ཕྱད་པའི་སྐབས་ བློན་ཆེན་བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ཁྲོམ་ཁ་ཡང་ མི་ཉམ་ཆུང་ལེ་ཤ་ཡོདཔ་ལས་ དེའི་དོན་ལུ་ གོང་ཚད་ཕབ་ཆག་ཡོད་མི མེ་རླུང་རྒྱ་རྫི་དེ་ ཁྱིམ་ནང་ཚུན་ཚོད་འབད་རུང་ བསྐྱལ་བྱིན་འོང་ཟེར་ཨིནམ་ད་ གྱལ་རིམ་ནང་སྡོདཔ་ད་ དངུལ་ཀྲམ་ཐེབས་༢༠༠ སྤྲོད་མ་ཚུགས་མི་ ག་ཡང་མི་འོང་ཟེར་ཨིན་པས།
ཁོ་གིས་ གསུངས་མིའི་ནང་ ལ་ལོ་ཅིག་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་དེ་ ལོག་སྟེ་སྤྲོད་པར་འོང་མི་ ལེ་ཤ་ཡོད་པ་ཅིན་ མེ་རླུང་རྒྱ་རྫི་མ་ཐོབ་པའི་ དཀའ་ངལ་མི་འཐོན་ནི་མས་ཟེར་ཨིནམ་ད་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་ཡོད་པ་ཅིན་ འགྱུར་བ་གསརཔ་ལུ་བལྟ་སྟེ་ སེམས་དང་མ་ལྡན་མི་ཚུ་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་དེ་ རྫོང་ཁག་གཞན་ཁ་ལས་ འཐོབ་ཚུགས་ཟེར་ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱིས་ ཁྲོམ་ཁར་སྡོད་མི་ཉམ་ཆུང་ཚུ་ལུ་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་ཚུ་ལུ་ ཐབས་ལམ་དེ་སྦེ་བཏོནམ་ད་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *