ན་གཞོན་ལམ་སྟོན་འགོ་དཔོན་ཅིག་གིས་ ཨ་ལོའི་ཕམ་ཚུ་ལུ་ ཨ་ལོ་བདག་འཛིན་འཐབ་དགོ་པའི་སྐོར་ གོ་བ་བརྡ་སྤྲོད་འབད་བའི་བསྒང་། པར་་་་ ན་གཞོན་ལམ་སྟོན་ལས།

གོ་སྐབས་མེད་མི་ལུ་བརྟེན་ ཧེ་མའི་ ལམ་ཕྱོགས་ལུ་ ཞུགས་དོ་ཡོདཔ།

༉ སྤྱི་ལོ་༢༠༠༩ ལུ་ སྐྱེས་ལོ་༡༦ ལང་མི་ པེ་པོ་ལེབ་ཅ་དེ་ ཆུ་ཁ་ རྩི་མ་གཤམ་ལུ་ཡོད་པའི་ ན་གཞོན་གོང་འཕེལ་དང་བསྐྱར་གསོ་ལྟེ་བའི་ དོ་དམ་འོག་ལུ་ ལོ་༥ དེ་ཅིག་ བཞག་ཡོདཔ་ཨིན་པས།
ཨིན་རུང་ ཁོ་ར་ གནད་དོན་ག་ཅི་ལུ་བརྟེན་ དོ་དམ་འོག་ལུ་བཞག་ཡོད་པའི་སྐོར་ལས་ བརྗེ་སོར་འབད་མ་བཏུབ།
ལྟེ་བ་གིས་ ན་གཞོན་ཚུ་ལུ་ གོ་སྐབས་ཚུ་བྱིན་ཡོདཔ་ད་ པེ་པོ་ལེབ་ཅ་གིས་ དོ་དམ་འོག་ལུ་ སྡོད་པའི་སྐབས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་སྦྱང་ཡོདཔ་བཞིན་དུ་ ཁོ་གིས་ སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༢ པ་མཐར་འཁྱོལ་ཡོད་རུང་ དོ་དམ་གྱི་ དུས་ཡུན་མ་རྫོགས་ཚུན་ ལྟེ་བ་ནང་ར་སྡོད་ནུག།
ཁོ་ར་ སྤྱི་ལོ་༢༠༡༥ ལུ་ དོ་དམ་འོག་ལས་ ལོག་ཁྱིམ་ནང་བཏང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ང་ར་ ལཱ་འབད་ཐོག་ལས་ འོང་འབབ་བཟོ་སྟེ་ མི་ཚེ་ལེགས་ཤོམ་སྐྱོང་ནིའི་ རེ་བ་སྡོད་ཡོདཔ་ད་ ད་རེས་ ཁོ་ར་ སིངྒ་པུར་ལུ་ མགྲོན་སྐྱོང་དང་ ཐབ་དཔོན་གྱི་ སྦྱོང་བརྡར་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ དོ་དམ་འོག་ལས་ བཏང་པའི་ཤུལ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་ཀྱི་ནདཔ་བཞག་ས་ལུ་ ལཱ་སྦྱོང་འབད་ནིའི་ གོ་སྐབས་ཐོབ་ཅི་ཟེར་ སྐྱེས་ལོ་༢༦ ལང་མི་ པེ་པོ་གིས་ སླབ་ཨིན་པས།
ཚེ་འདས་ཌོག་ཊར་ པ་ཀི་ལ་འབྲུག་པ་གིས་ རྒྱབ་སྐྱོར་འབད་ཐོག་ལས་ སྨན་གཡོགམོ་དང་ མི་མང་གསོ་བའི་ལས་ཚོགས་ནང་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ ལྟེ་བའི་ནང་ སྡོད་ཡོདཔ་ཨིན་པས།
ཁོ་གིས་ དོ་དམ་འོག་ལས་ བཏང་ཞིནམ་ལས་ ཁྱད་རིག་ཅན་གྱི་ ལཱ་འབད་ནི་ལུ་ གདམ་ཁ་རྐྱབ་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ར་ཨིནམ་ད་ སྨན་ཁང་གི་ལས་བྱེདཔ་དང་ མི་སྡེ་གིས་ པེ་པོ་ལུ་ ན་གཞོན་གོང་འཕེལ་དང་བསྐྱར་གསོ་ལྟེ་བའི་ནང་ སྡོད་ཡོད་པའི་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།
དེ་ལས་ ཁྲིམས་སྲུག་འགག་པའི་ ཉོགས་མེད་ལག་ཁྱེར་ མ་ཐོབ་མི་ལུ་བརྟེན་ གོ་སྐབས་བྱང་ཡོད་མི་དེ་ཡང་ དོ་དམ་འོག་ལས་བཏང་ཞིནམ་ལས་ ལག་ཁྱེར་འཐོབ་ནི་ལུ་ ལོ་༢ བསྒུག་སྡོད་དགོཔ་སྦེ་ དུས་ཚོད་བཞག་མི་དེ་གིས་ཨིན་པས།
ཚེ་འདས་ཌོག་ཊར་ པ་ཀི་ལ་འབྲུག་པ་མ་གཏོགས་ མི་ཚེ་གསརཔ་ སྐྱོང་ནིའི་སྐོར་ལས་ མི་སྡེ་ནང་ ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཟེར་ ཁོ་གིས་ བཤད་ཡོདཔ་བཞིན་དུ་ ད་རེས་ ཁོ་ལུ་ ད་རུང་ གོ་སྐབས་མ་བྱིན་མི་ལུ་བརྟེན་ ལམ་ལུགས་དང་ མི་སྡེ་ལུ་ ཁ་བཏང་དོ་ཡོདཔ་ཨིན་པས།
ལྟེ་བའི་ནང་སྡོད་པའི་སྐབས་ འཕྲུལ་རིག་དང་ ལག་རྩལ་སྦྱང་མི་ཚུ་ ག་གིས་ཡང་ ངོས་འཛིན་འབད་མ་བཏུབ་པའི་ཁར་ ལཱ་གཡོག་གི་ གོ་སྐབས་བྱིན་མི་ཡང་ མ་འཐོན་པར་ཡོདཔ་ད་ པེ་པོ་ཁོ་རའི་ ཕོ་རྒནམ་གིས་ འཛིན་སྐྱོང་དང་རྒྱབ་སྐྱོར་ཐོག་ལས་ སིངྒ་པུར་ལུ་ ཤེས་ཡོན་སྦྱང་པར་གཏང་པ་ཅིན་ ད་རུང་ ཧེ་མ་བཟུམ་སྦེ་ར་ འགྱོ་ནི་འབད་ཡོདཔ་ཨིན་པས།
ལྟེ་བ་ལས་ ལོག་འོང་བའི་སྐབས་ གོ་སྐབས་བྱང་མི་ཨ་ལོ་ ལེ་ཤ་ཅིག་ར་ཡོདཔ་ད་ ལྟེ་བའི་དམིགས་དོན་དེ་ ན་གཞོན་ཚུ་འབྲེལ་འཛིན་དང་ བསྐྱར་གསོ་འབད་ནི་ཨིན་རུང་ མི་སྡེ་ནང་ ལམ་ལུགས་ལུ་བརྟེན་ ཨ་ལོ་ཚུ་གི་མི་ཚེ་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ན་ཆུང་མང་ཤོས་ཅིག་གིས་འབད་བ་ཅིན་ ད་རུང་ ཁོང་ལུ་གོ་སྐབས་དང་ མི་ཚེ་གསརཔ་སྐྱོང་ནི་སྐོར་ལས་ བསམ་འཆར་བརྗེ་སོར་འབད་ཡོདཔ་བཞིན་དུ་ ཁོ་གིས་ མང་ཤོས་ར་ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་དང་ མི་སྡེ་ཨུ་ཚུགས་ཀྱི་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས།
ན་གཞོན་ལམ་སྟོན་གྱི་ བཀོད་ཁྱབ་མདོ་ཆེན་ འཕྲིན་ལས་སྟོབས་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་ ལྟེ་བ་ལས་ བཏང་པའི་ཤུལ་ལུ་ ཁོང་ཆ་ཁྱབ་ བདག་འཛིན་འཐབ་མི་ མིན་འདུག་ཟེར་ཨིན་པས།
ན་གཞོན་ལམ་སྟོན་དེ་ ཁེ་སང་མེད་པའི་ ལས་སྡེ་ཅིག་ཨིན་མི་དེ་ཡང་ ན་ཆུང་ཚུ་ལུ་ བདག་འཛིན་དང་ ལཱ་གཡོག་བྱིན་ནི་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་ ལམ་སྟོན་འབད་ནི་ དེ་ལས་ རིག་རྩལ་གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ནུག།
གཞི་བཙུགས་འབད་བའི་ཤུལ་ལས་ ད་ལྟོ་ཚུན་ ན་གཞོན་དཀའ་ངལ་གྱི་གནས་སྟངས་དང་ ན་གཞོན་ ཁྲིམས་འགལ་ཉེན་ཁ་ དེ་ལས་ གོ་སྐབས་དམན་མི་དང་ ཉེན་ཅན་ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་ལུ་བརྟེན་ ན་གཞོན་ཚུ་ལུ་ ལཱ་གཡོག་འཚོལ་ཞིབ་འབད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ལྟེ་བའི་ནང་སྡོད་པའི་སྐབས་ འཕྲུལ་རིག་གི་ ལག་རྩལ་སྦྱང་མི་དེ་ ངོས་འཛིན་མེད་པའི་ཁར་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ནི་ལུ་ ག་གིས་ཡང་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
ལྟེ་བ་ལས་ ཐོན་ཞིནམ་ལས་ རྒྱབ་སྐྱོར་འབད་མི་མེདཔ་ལས་ ན་ཆུང་ཚུ་གིས་ མི་ཚེ་གསརཔ་ ག་དེ་སྦེ་ བཟོ་ཚུགས་ནི་སྨོ་ཟེར་ཨིནམ་ད་ འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མ་དང་ འགལ་བ་འདུག་ཟེར་ འཕྲིན་ལས་རྡོ་རྗེ་གིས་ བཤད་ཅི།
བཅའ་ཡིག་གི་ལེའུ་༡༦ པ་ མི་སྡེའི་དམའ་ཕབ་དང་ ཁྲིམས་ཀྱི་གནད་ཁུངས་ལས་ཉེན་སྐྱོབ་ཀྱི་ དོན་ཚན་༢༣༦ ལུ་བཀོད་མིའི་ནང་ ཁྲིམས་གཞན་གང་རུང་ཅིག་གི་ ནང་དོན་ལུ་མ་བལྟ་བར་ གནོད་འགེལ་ཅིག་འཐབ་སྟེ་ བཅའ་ཁྲིམས་འདིའི་ དགོངས་དོན་ནང་གསལ་ལྟར་ དང་ལེན་འབད་བའི་ཨ་ལོ་འདི་ བཅའ་ཁྲིམས་འདི་དང་འཁྲིལ་ གནོད་འགེལ་ལུ་ ཁྲིམས་གཅོད་གྲུབ་པ་ཨིནམ་སྦེ་ རྒྱབ་ཏུ་བསྐྱུར་ནི་མེད་ཟེར་ཨིན་པས།
འཕྲིན་ལས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁྲིམས་དང་ གནས་སྟངས་༢ རྒྱབ་འགལ་ཡོདཔ་ལས་ གཞུང་གིས་ བར་ཞུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ དེ་སྦེ་ར་ བཞག་པ་ཅིན་ ན་ཆུང་ཚུ་ ད་རུང་ ཧེ་མའི་གནས་སྟངས་ལུ་ འགྱོ་ནི་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
ན་ཆུང་མང་ཤོས་ཅིག་གིས་ ལྟེ་བ་ལུ་ ལོག་འགྱོ་ནི་ལུ་ གདམ་ཁ་རྐྱབ་མི་དེ་ཡང་ ལྟེ་བའི་ནང་ སྡོད་པའི་སྐབས་ སྐྱོན་བརྗོད་འབད་མི་ མེད་མི་ལུ་བརྟེན་ཨིན་པས།
གནད་དོན་ཐོག་ལུ་ འབྲེལ་ཡོད་དང་ ཞལ་འཛོམས་མང་རབས་ཅིག་ལུ་ སྙན་ཞུ་འབད་ཡོད་རུང་ བསྒྱུར་བཅོས་ག་ནི་ཡང་ མི་འདུག་ཟེར་ཨིན་པའི་ཁར་ ན་ཆུང་ཚུ་ ལེགས་ཤོམ་བཟོ་མི་དེ་ ཆུད་ཟད་འགྱོཝ་མས་ཟེར་ འཕྲིན་ལས་རྡོ་རྗེ་གིས་ སླབ་ཨིན་པས།
ལྟེ་བའི་ནང་ སྡོད་པའི་སྐབས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་སྦྱངས་རུང་ ད་ལྟོའི་གནས་སྟངས་ནང་ རྟགས་མ་མཐུན་པས་ཟེར་ཨིནམ་ད་ ན་གཞོན་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ འཕྲུལ་རིག་གི་ ལག་རྩལ་འབད་ནི་ལུ་ དང་འདོད་བསྐྱེདཔ་མས་ཟེར་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ ན་ཆུང་ཚུ་གི་ ལྷབ་སྦྱང་འབད་མི་ རིག་རྩལ་ཚུ་ ངོས་ལེན་དང་ མཐུན་རྐྱེན་རྒྱབ་སྐྱོར་འབད་ནི་ལུ་ ཐབས་ཤེས་བཏོན་དགོ་འདུག་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ ང་བཅས་རའི་ རྒྱབ་སྐྱོར་དང་ སེམས་ཤུགས་དགོ་པས་ཟེར་ཨིན་པས།
ན་གཞོན་ལམ་སྟོན་ལུ་ རྒྱལ་སྤྱིའི་ཨ་ལོ་ཉེན་སྐྱོབ་ཀྱིས་ བརྒྱ་ཆ་༩༠ དེ་ཅིག་ རྒྱབ་སྐྱོར་འབད་དེ་ཡོདཔ་བཞིན་དུ་ ན་ཆུང་ཁྲིམས་འགལ་འབད་མི་༢༣ དང་ དཀའ་ངལ་གྱི་གནས་སྟངས་ཡོད་མི་ ན་ཆུང་༡༥༦ ལུ་ རྒྱབ་སྐྱོར་འབད་དེ་འདུག།
ན་གཞོན་པེ་པོ་གིས་ ཤེས་ཡོན་སྦྱང་ཚར་བའི་ཤུལ་ལས་ ཟ་ཁང་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *