གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ བརྡ་སྟོན་༤༡ ལས་༡༥ འི་གྲུབ་འབྲས་ བཏོན་ཡོདཔ།

༉ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ བར་མཚམས་བསྐྱར་ཞིབ་གྲུབ་འབྲས་ཀྱི་ བརྡ་སྟོན་༤༡ ཡོད་ས་ལས་ བརྡ་སྟོན་༡༥ གི་ གྲུབ་འབྲས་ཚུ་ ཐོན་ཡོདཔ་ཨིན་པས།

གྲུབ་འབྲས་ཀྱི་བརྡ་སྟོན་༢༦ ད་ལྟོ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རང་སྐྱོང་ལས་འཛིན་གྱི་ གཞུང་སྐྱོང་མཆོག་འགྱུར་གྱི་ བར་མཚམས་བསྐྱར་ཞིབ་འབད་བའི་སྐབས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ཀེ་པི་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ གྲུབ་འབྲས་ཀྱི་ བརྡ་སྟོན་ལ་ལོ་ཅིག་ འབད་བའི་བསྒང་ཡོད་མི་ཚུ་ཡང་ གྲུབ་འབྲས་ཐོན་ནི་ལུ་ དུས་ཚོད་མི་འགོར་ཟེར་ཨིན་པས།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་དེ་ གཞུང་གིས་ རྒྱབ་སྐྱོར་འབད་ཐོག་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ གཞི་བཙུགས་འབད་ཚར་ཏེ་ཡོདཔ་ལས་ ད་ལྟོ་ གྲུབ་འབྲས་ཐོན་ཡོད་མི་ བརྡ་སྟོན་ཚུ་ཡང་ ལག་ལེན་འཐབ་སྟེ་ཡོད་མི་ ལས་རིམ་ཚུ་ཨིནམ་སྦེ་བཤད་ཅི།

གྲུབ་འབྲས་སྟོན་ཡོད་མི་ བརྡ་སྟོན་ཚུ་ ལས་རིམ་གསརཔ་ གཞི་བཙུགས་འབད་མི་དང་ ལས་རིམ་འདྲ་མིན་སྣ་ཚོགས་ཀྱི་ སློབ་ཕྲུག་བཙུགས་ནི་ གསོ་བའི་ལས་བྱེདཔ་དང་ སློབ་སྟོན་པ་ཚུ་ལུ་ སྦྱོར་བརྡར་བྱིན་ནི་ དེ་ལས་ ལམ་སྟོན་ཀི་དེབ་དང་ བྱ་སྒོའི་རིམ་པ་ཚུ་ གོང་འཕེལ་གཏང་ནི་ཨིན་པས།

གཙུག་ལག་སློབ་སྡེ་ གསརཔ་འབད་ནི་དེ་གིས་ སློབ་ཕྲུག་ཚུ་གི་ བརྗེ་སོར་ལས་རིམ་ཚུ་ནང་ གཙོ་བོར་བཏོན་དོ་ཟེར་ ཌོག་ཊར་ ཀེ་པི་ཚེ་རིང་གིས་ བཤདཔ་ཨིན་པས།

གཙུག་ལག་སློབ་སྡེའི་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠༡.༡༩ ཡོད་ས་ལས་ དངུལ་ཀྲམ་ས་ཡ་༢༨.༡༦ ཟད་འགྲོ་བཏང་ཚར་ཏེ་ཡོདཔ་ཨིན་པས།

ཌོག་ཊར་ ཀེ་པི་ཚེ་རིང་གིས་འབད་བ་ཅིན་ ལས་སྣ་གཞན་ཚུ་གི་དོན་ལུ་ རིན་བསྡུར་ཚུ་ འགོ་འདྲེན་འཐབ་ཚར་ཏེ་ ཡོད་ཟེར་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གཙུག་ལག་སློབ་སྡེ་གིས་ ལཱ་ལེགས་ཤོམ་འབད་དེ་ གྲུབ་འབྲལ་བཏོན་ཚུགས་མི་དེ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *