སོ་ནམ་པ་ཅིག་གིས་ ཨོ་ལ་ཚལ་གྱི་ ལྡུམ་ར་ནང་ ཨོ་ལ་ཚལ་བཏོག་པའི་བསྒང་།

གེ་སར་གླིང་གི་ སོ་ནམ་པ་ཚུ་གིས་ ཨོ་ལ་ཚལ་གྱི་ ལཱ་འགོ་བཙུགས་ཡོདཔ།

༉ དར་དཀར་ནང་རྫོང་ཁག་བདག་སྐྱོང་གི་ དཔལ་འབྱོར་གོང་འཕེལ་ཡིག་ཚང་ལས་ དངུལ་ཀྲམ་འབུམ་༣ དེ་ཅིག་ གྲོགས་རམ་བྱིན་མིའི་ཐོག་ལས་ གེ་སར་གླིང་རྒེད་འོག་གི་ ཨམ་སྲུ་སྡེ་ཚན་ཅིག་གིས་ ཨོ་ལ་ཚལ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

རྫོང་ཁག་དཔལ་འབྱོར་གོང་འཕེལ་འགོ་དཔོན་ ཚེ་རིང་དངོས་གྲུབ་ཀྱིས་ བཤད་མིའི་ནང་ ད་རེས་ཀྱི་ འཆར་གཞི་ལས་སྣ་ཚུ་གི་གྲས་ལས་ གཙོ་རིམ་༡ པོ་དེ་ རྡོ་རོ་ན་དང་ ལར་རྒྱབ་ དེ་ལས་ གེ་སར་གླིང་མི་སྡེ་གིས་ སྤག་ཤིང་ཐོན་སྐྱེད་དང་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་བཅུག་ནི་དེ་ཨིན་ཟེར་ཨིན་པས།

ཨིན་རུང་ གེ་སར་གླིང་ལུ་ སྤག་ཤིང་དེ་ཅིག་མེདཔ་ལས་ ཨོ་ལ་ཚལ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ ཨོ་ལ་ཚལ་དེ་ ཚལ་མ་ནང་ལས་ རྒྱ་ཆེ་དྲགས་སྦེ་ ཐོབ་ཚུགས་རུང་ ད་ཚུན་ ཡུན་བརྟན་ཐོག་ འཛིན་སྐྱོང་འབད་མ་ཚུགས་པས་ཟེར་ བཤདཔ་ཨིན་པས།

ཚེ་རིང་དངོས་གྲུབ་ཀྱིས་འབད་བ་ཅིན་ ད་རེས་ ཁྲོམ་ཁར་ ཨོ་ལ་ཚལ་མཁོ་འདོད་བཀོད་མི་ ལེ་ཤ་ཡོད་པའི་ཁར་ སྨན་གྱི་ཁེ་ཕན་ཡང་ཡོདཔ་ལས་ འགོ་འདྲེན་འཐབ་ཡོད་ཟེར་ཨིན་པས།

འཛུགས་སྐྱོང་འབད་ས་དེ་ཡང་ དར་དཀར་དཔལ་ལ་དང་ དཱལ་བ་རི་གཞུང་ལམ་གསརཔ་གི་ ཉེ་འདབས་ལུ་ཡོདཔ་ལས་ ཚོང་འབྲེལ་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ད་ལྟོ་ འཛུགས་སྐྱོང་ལྟེ་བ་ནང་ སྔོ་ཚལ་རིགས་༡,༠༠༠ དེ་ཅིག་ཡོདཔ་ད་ སོ་ནམ་པ་ཚུ་གིས་ སོན་ཚུ་ཁྲོམ་ཁར་ལས་ཉོ་སྟེ་ བཙུགས་མི་ལས་ སོན་ཚུ་བཏོན་ཏེ་ འཛུགས་སྐྱོང་འབད་ཡོདཔ་ད་ ལ་ལོ་གིས་ ནགས་ཚལ་ཡན་ལག་ཡིག་ཚང་ལས་ གནང་བ་ལེན་ཏེ་ ཚལ་མ་ནང་ལས་ སོན་ཚུ་བསྡུ་བསྒྱོམ་འབད་མི་ཡང་ཡོད་ཟེར་ཨིན་པས།

སྡེ་ཚན་ནང་ ད་ལྟོ་ འཐུས་མི་༡༠ ཡོདཔ་ད་ དང་འདོད་བསྐྱེད་མི་ཡོད་པ་ཅིན་ འཐུས་མི་སྦེ་ བཙུགསཔ་བཞིན་དུ་ སྡེ་ཚན་ནང་ ནང་ཨམ་ཀརྨ་ཆོས་སྒྲོན་དེ་ འཐུས་མི་ཅིག་ཨིན་པས།

མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོད་བསྲེའི་རིགས་རྐྱངམ་གཅིག་ འཛུགས་སྐྱོང་འབད་ནི་ཡོད་རུང་ ད་རེས་ ཨོ་ལ་ཚལ་འཛུགས་སྐྱོང་འབད་མི་ལས་ འོང་འབབ་བཟོ་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

བཀྲིས་ཆོས་འཛོམས་ཀྱིས་ རྒེད་འོག་ནང་ དེ་བཟུམ་མའི་ འཛུགས་སྐྱོང་འབད་མི་དེ་ འགོ་དང་པ་འབདཝ་ལས་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་མ་ཚད་ ང་བཅས་ཀྱིས་ ཨོ་ལ་ཚལ་གྱི་སྐོར་ལས་ ལྷབ་འདོད་ཡོད་པའི་ཁར་ འོང་འབབ་བཟོཝ་དང་ གཅིག་ཁར་ དེའི་འཛིན་སྐྱོང་འབད་ཐངས་སྐོར་ལས་ཡང་ ཤེས་འདོད་ཡོད་ཟེར་ བཤདཔ་ཨིན་པས།

སྡེ་ཚན་གྱིས་ མཉམ་འབྲེལ་གྱི་ རྩིས་དེབ་ཕྱེ་སྟེ་ འོང་འབབ་ཚུ་ བཙུགས་བཞག་པའི་ཤུལ་ལས་ ལོ་མཇུག་བསྡུཝ་ད་ འོང་འབབ་བགོ་བཤའ་རྐྱབ་ནིའི་ འཆར་གཞི་ཡོདཔ་ད་ སྡེ་ཚན་ནང་ འཐུས་མི་སྦེ་ འཛུལ་འདོད་ཡོད་མི་ཚུ་གིས་ གཞི་བཙུགས་མ་ དངུལ་ དངུལ་ཀྲམ་༥༠༠ རེ་ བཙུགས་དགོ་དོ་ཡོདཔ་ཨིན་པས།

ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ སྡེ་ཚན་དེ་ གཞུང་འབྲེལ་ཐོག་ གཞི་བཙུགས་འབད་ནི་གི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ སྔོ་ཚལ་ཤིང་གི་ གོང་ཚད་ཡང་ བདེ་སྒྲིག་འབད་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *