གེ་ཟ་དངུལ་ཐོག་ལུ་ བསྒྱུར་ཐབས་ལུ་ གཞུང་གིས་ ཐབས་ཤེས་སྒྲིག་དགོཔ།

༉ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ གེ་ཟ་ཚུ་ གཞུང་གིས་ དགེ་ལེགས་ཕུག་ལུ་ ཆང་བཟོ་འཕྲུལ་ཁང་ནང་ བཙུགས་ནི་ཟེར་མི་དེ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ སོ་ནམ་པ་ཚུ་གི་དོན་ལུ་ གེ་ཟ་ཚོང་འབྲེལ་འཐབ་ཚུགས་པའི་ གོ་སྐབས་ཅིག་ཨིན་མས།
རྒྱལ་ཁབ་ནང་ ཆང་བཟོ་འཕྲུང་ཁང་གཉིས་ཡོད་རུང་ ད་ཚུན་ གེ་ཟ་དེ་ རྒྱ་གར་ཨ་སམ་དང་ ནུབ་བེང་གཱལ་མངའ་སྡེ་ཚུ་ལས་ ནང་འདྲེན་འབད་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་བཟུམ་མའི་ ཚོང་འབྲེལ་འཐབ་མི་ལུ་ བལྟ་བ་ཅིན་ གེ་ཟ་ཐོན་ས་དེ་ སྣང་མེད་བཞག་སྟེ་ མེད་ས་ལས་ འཚོལ་དོ་བཟུམ་ཅིག་ཨིན་མས།
གེ་ཟ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་ ལོ་ཐོག་ངོ་མ་ཅིག་ཨིནམ་མ་ཚད་ ད་རེས་ནངས་པར་ རྫོང་ཁག་མང་ཤོས་ཅིག་ནང་ འཛུགས་སྐྱོང་འབད་དོ་ཡོདཔ་ལས་ ཆང་བཟོ་འཕྲུལ་ཁང་ཚུ་གིས་ ནང་འཁོད་ལས་ཐོན་མི་ གེ་ཟ་ཚུ་ ལག་ལེན་འཐབ་པ་ཅིན་ ནང་འདྲེན་འབད་དགོཔ་མི་འཐོན་ནི་ཨིན་མས།
སོ་ནམ་ལྷན་ཁག་གི་ ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ གེ་ཟ་མེ་ཊིག་ཊཱོན་༨༣,༧༡༤ ཐོན་སྐྱེད་འབད་མི་དེ་གིས་ར་ ཆང་བཟོ་འཕྲུལ་ཁང་༢ ཆ་རའི་ མཁོ་འདོད་འགྲུབ་ཚུགས་ནི་ཨིནམ་ད་ དེ་ཡང་ དགེ་ལེགས་ཕུག་ཆང་བཟོ་འཕྲུལ་ཁང་ནང་ ཉིན་བསྟར་བཞིན་དུ་ གེ་ཟ་མེ་ཊིག་ཊཱོན་༧༠ དང་༨༠ ཀྱི་བར་ན་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཆང་བཟོ་འཕྲུལ་ཁང་ཚུ་གི་ དམིགས་ཡུལ་ངོ་མ་ར་ ཆང་བཙོང་ཐོག་ལས་ འོང་འབབ་བཟོ་ནི་དེ་ཨིནམ་ལས་ནང་འཁོད་ཀྱི་ གེ་ཟ་ཉོ་བའི་སྐབས་ གོང་མཐོ་མི་ལུ་བརྟེན་ ནང་འདྲེན་འབད་དོ་ཡོད་མི་དེ་ཡང་ ཕྱི་ཁ་ལས་ གེ་ཟ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ སྦེ་ ཐོབ་ནི་དེ་གིས་ཨིན་པས།
ནང་འཁོད་ལུ་ གེ་ཟ་འཛུགས་སྐྱོང་འབད་མི་ཚུ་གིས་ གེ་ཟ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ ལས་མར་ཕབ་སྟེ་ བཙོང་མ་ཚུགས་མི་དེ་ ཁོང་ལུ་ རྒུད་ཡོད་ནི་དེ་གིས་ཨིན་མས།
དེ་འབདཝ་ལས་ ད་རེས་ནངས་པར་ གེ་ཟ་དེ་ དངུལ་ཐོག་ལུ་ བསྒྱུར་མ་ཚུགས་པར་ ལུས་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ལེ་ཤ་ཅིག་ནང་ གེ་ཟ་དེ་ ཐད་ཀར་དུ་ ཚོང་འབྲེལ་འཐབ་མ་ཚུགསཔ་ལས་ ཁ་རང་དང་ སྲིབ་ དེ་ལས་ གཡུས་ཆང་ལ་སོགས་པ་ཚུ་ལུ་ བསྒྱུར་བཅོས་འབད་དེ་ བཙོང་དགོཔ་ཐོནམ་ཨིན་མས།
གེ་ཟ་ཚུ་ རྫོང་ཁག་སོ་སོ་ཚུ་ལས་ ཆང་བཟོ་འཕྲུང་ཁང་ཚུ་ནང་ གོང་ཚད་རན་ཏོག་ཏོ་སྦེ་ ལྷོད་ཚུགསཔ་བཟོ་ནི་དེ་ཁག་ཆེ། ད་རེས་ གེ་ཟའི་གོང་མཐོ་མི་དེ་ སྐྱེལ་འདྲེན་གྱི་ གླ་ཆ་ལུ་བརྟེན་ཨིནམ་ལས་ གཞུང་གིས་ སྐྱེལ་འདྲེན་གྱི་ གླ་ཆའི་ཐད་ལུ་ལྷོདཔ་ད་ དངུལ་འབྲེལ་སེམས་ཤུགས་ཀྱི་ མཐུན་རྐྱེན་གནང་ཐོག་ལས་ ནང་འཁོད་ཀྱི་ གེ་ཟ་ཚུ་ ངེས་པར་དུ་ ལེན་ཐབས་བཟོ་དགོ།
གཞུང་ལས་ འདི་བཟུམ་མའི་ ཕབ་ཆག་དང་ རྒྱབ་སྐྱོར་གནང་པ་ཅིན་ དེ་གིས་ སོ་ནམ་གྱི་ ཐོན་སྐྱེད་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་བྱུང་སྟེ་ རང་མགོ་རང་འདྲོངས་ཀྱི་ སྲིད་བྱུས་ཡང་ འགྲུབ་ཚུགས་ནི་དང་ རྒྱལ་ཁབ་ཀྱི་དངུལ་ ཕྱིར་སྤྲོད་འབད་ནི་ལས་ བཀག་ཚུགས་པའི་ གོ་སྐབས་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *