༉ ལྷུན་རྩེ་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ གྲྭ་ཚང་གི་མཁན་སློབ་དང་ དགེ་དགུན་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ བཙན་མཁར་དྲག་དམར་སྒྲུབ་མཚོད་གནང་མི་དེ་ ཁ་ཙ་ ཨྱོན་གུ་རུ་རིན་པོ་ཆེའི་ མཐོང་གྲོལ་གྱི་མཇལ་ཁ་གནང་སྟེ་ གྲོལ་གནང་ཡོདཔ་ཨིན་པས།
ལོ་བསྟར་གྱི་འབུམ་སྡེ་ བཙན་མཁར་དྲག་དམར་སྒྲུབ་མཆོད་ཆེན་མོ་ཐེངས་༢ པ་དེ་ རང་ལུགས་གནམ་ལོ་ཆུ་ཕོ་སྟག་ལོའི་ ཟླ་༡༢ པ་ཤུལ་མའི་ ཚེས་༥ ལས་འགོ་བཙུགས་ཡོདཔ་ད་ བསངས་མཆོད་བསངས་དཔེ་བཀྲ་ཤིས་རེ་སྐོང་རྒྱས་པ་དང་ ཆོས་སྐྱོང་དང་ ལྷ་བཙན་ཅང་ཅང་དགྲ་ལྷ་དཀར་པོ་དང་ གནས་བདག་རྫུ་འཕྲུལ་ཐོགས་མེད་གསེར་སྐྱེམས་ཚུ་ ཕུལ་ཡོདཔ་ཨིན་པས།
རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་གི་ གདོང་དེབ་ནང་ སྙན་ཞུ་འབད་མི་དང་འཁྲིལ་བ་ཅིན་ རང་ཟླ་༡༢ པའི་ཚེས་༦ ལུ་ཁྲུས་གནང་ཡོདཔ་མ་ཚད་ ཚེས་༧ ལུ་ འཆམ་རྒྱུགས་དང་ ཚེས་༨ ལུ་ སྟ་གོན་འབུམ་བཀྲ་ཤིས་དང་ དྲག་དམར་གྱི་གསུང་ཆོག་གནང་ཡོདཔ་སྦེ་ཨིན་པས།
རང་ཟླ་༡༢ པའི་ཚེས་༩ ལས་ཚེས་༡༥ ཚུན་ ཉིན་གྲངས་༧ གྱི་རིང་ སྒྲུབ་ཆེན་དངོས་གཞིའི་གསུང་ཆོག་ འཚོགས་གནང་པའི་ཁར་ ཚེས་༡༦ ལུ་ ཁྲོ་བཅུའི་སྐུ་འཆམ་དང་ གླུ་གཞས་སོགས་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་ཨིན་པས།
ཁ་ཙ་ རང་ཟླ་༡༢ པའི་ཚེས་༡༧ གྱི་དྲོ་པ་ སྒྲུབ་མཆོད་ཀྱི་ དངོས་གྲུབ་བླང་བའི་ གསུང་ཆོག་གནང་སྟེ་ གྲོལ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ སྒྲུབ་ཆེན་གྲོལཝ་དང་འབྲེལ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལས་ ལྷུན་རྩེ་རྫོང་ཁག་གི་ འགོ་དཔོན་དང་ རྒེད་འོག་འགོ་ཁྲིདཔ་ མོང་སྒར་རྫོང་ཁག་གི་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ ལྷུན་རྩེ་དང་ མོང་སྒར་ ཉེ་འདབས་རྫོང་ཁག་ཚུ་ལས་ དད་ཅན་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གི་ མཐོང་གྲོལ་མཇལ་ཁ་གནངམ་མ་ཚད་ རྒྱལཔོ་ཧ་ཤང་གི་ སྐུ་འཆམ་སོགས་དང་ གླུ་གར་སོགས་སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
ལྷག་པར་དུ་ བཙན་མཁར་དྲག་དམར་སྒྲུབ་མཆོད་ཆེན་མོ་ཐེངས་༢ པའི་ ཉིན་དང་པའི་སྐབས་ གཤིན་རྗེ་ཡབ་ཡུམ་དང་ ཞྭ་ནག་ དེ་ལས་ ཁྲོ་བོའི་བཅུའི་སྐུ་འཆམ་ཚུ་དང་ ཐུགས་སྤྲོའི་གླུ་གཞས་ཚུ་ མི་མང་ལུ་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་བདག་སྐྱོང་དང་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་༢ ཀྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སྒྲུབ་མཆོད་དེ་ཡང་ སྤྱིར་འཛམ་གླིང་དང་ དམིགས་བསལ་དུ་ འབྲུག་རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ ལོ་བསྟར་བཞིན་དུ་ འཚོགས་གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

