གུ་གཱུལ་ས་ཐོག་འཕྲུལ་ཆས་ཀྱིས་ ཨ་རིང་གི་ཁྱབ་ཚད་གནས་སྡུད་ བསྡུ་ཡོདཔ།

༉ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ གུ་གཱུལ་ས་ཐོག་འཇལ་ནིའི་ གནས་སྡུད་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ རྒྱལ་ཁབ་ནང་ བཟའ་སྤྱོད་འབད་དེ་ཡོད་མི་ ཨ་རིང་གི་ཚད་གཞི་དེ་ སྤྱི་ལོ་༢༠༡༩ ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ ཧེ་མའི་ལམ་ལུགས་ཐོག་ གནས་སྡུད་བསྡུ་མི་དང་འཁྲིལཝ་ད་ རྒྱལ་ཡོངས་གནས་ཚད་ནང་ ཨ་རིང་ཨེ་ཀར་༣༣༩ གི་ཁྱད་པར་ཡོདཔ་སྦེ་ ཐོན་ཡོདཔ་ཨིན་པས།

གནས་སྡུད་༢ ཀྱི་ཁྱད་པར་དེ་ བརྒྱ་ཆ་ལས་བཅད་པ་ཅིན་ ཨ་རིང་ཡོངས་བསྡོམས་ལས་ བརྒྱ་ཆ་༡ ཐོན་ཨིནམ་ད་ དེ་ཡང་ ཁྱད་པར་མཐོ་ཤོས་ར་ རྩི་རང་དང་ དར་དཀར་ནང་ དེ་ལས་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ཡོད་པའི་ མངོན་གསལ་བྱུང་ནུག།

གནས་སྡུད་༢ ཀྱི་བར་ན་ ཁྱད་པར་ཉུང་སུ་ཡོད་མི་ཚུ་ཡང་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་ དེ་ལས་ བཀྲིས་སྒང་རྫོང་ཁག་ཚུ་ནང་ ཡོདཔ་ཨིན་པས།

གནས་སྡུད་ཀྱི་ཁྱད་པར་དེ་ རྒྱལ་ཡོངས་ཀྱི་ གནས་ཚད་ལུ་བལྟ་བ་ཅིན་ ཁྱད་པར་སྦོམ་ཅིག་མེད་པའི་ཁར་ སྤྱི་ལོ་༢༠༡༩ ལུ་རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ སྤུ་ན་ཁ་རྫོང་ཁག་ནང་ ཨེ་ཀར་༧༠༠༠ ཐོན་མི་དེ་ སྤྱི་ལོ་༢༠༢༠ ལུ་ གུ་གཱུལ་གྱིས་འཇལ་བའི་སྐབས་ ཨེ་ཀར་༤༠,༨༠༥ ཐོན་ནུག།

གུ་གཱུལ་ས་ཐོག་གི་འཕྲུལ་ཆས་ ལག་ལེན་འཐབ་མི་དེ་ དེང་སང་གི་ འཕྲུལ་རིག་ཨིན་པའི་ཁར་ དེ་གིས་ ཨ་རིང་གི་ཁྱབ་ཚད་དེ་ ངེས་ཏིག་སྦེ་ གསལ་སྟོན་འབད་ཚུགས་དོ་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་བཟུམ་ཅིག་འབད་བ་ཅིན་ ཧེ་མ་ ཨ་རིང་ཨེ་ཀར་༣༥༠༠ དེ་ཅིག་ཐོན་མི་དེ་ གུ་གཱུལ་ཐོག་ལས་འཇལཝ་ད་ ༤༩༠༠ ལྷགཔ་ཅིག་ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུང་མི་དེ་ ཁྱད་པར་སྦོམ་ཤོས་ཅིག་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་ཡང་ ཨ་རིང་གི་ལཱ་འབད་མི་ རྒྱ་ཆེ་དྲགས་ཡོད་པའི་ཁར་ ཤར་ཕྱོགས་རྫོང་ཁག་ནང་ལས་ ཆུམ་གྱི་ཐོན་སྐྱེད་མཐོ་ཤོས་འབད་མི་ནང་ཡང་ གུ་གཱུལ་ཐོག་ལས་འཇལཝ་ད་ ཁྱབ་ཚད་ཡར་སེང་སོང་ཡོདཔ་ཨིན་པས།

གསར་སྤང་དང་ རྩི་རང་ དར་དཀར་ནང་ དེ་ལས་ ཆུ་ཁ་རྫོང་ཁག་ཚུ་ནང་ ཧེ་མའི་ཁྱབ་ཚད་ལས་ གུ་གཱུལ་ཐོག་འཇལཝ་ད་ མར་བབས་འགྱོ་སར་མཐོང་མི་དེ་ སོ་ནམ་པ་ཚུ་གིས་ འབྱ་ལཱ་འབད་ནིའི་ སྤྲོ་བ་ཉམས་ཡོདཔ་ཨིན་ན་ ཡང་ཅིན་ ཆུའི་དཀའ་ངལ་ཐོན་མི་ལུ་བརྟེན་ཨིན་ན་ མི་ཤེས་ནི་ཨིན་པས།

གནས་སྡུད་དེ་ཡང་ གུ་གཱུལ་ས་ཐོག་འཕྲུལ་རིག་དང་ ཧེ་མ་འཇལ་མིའི་བར་ན་ ཁྱད་པར་ལྟཝ་ད་ བརྒྱ་ཆ་༥ ཡན་ཆད་ཡོདཔ་སྦེ་ མཐོང་མི་ཚུ་གིས་ ས་ཁོངས་ནང་འགྱོ་སྟེ་ དབྱེ་དཔྱད་འབད་ཡོདཔ་ཨིན་པས།

དེང་སང་གི་ གུ་གཱུལ་ས་ཐོག་འཕྲུལ་རིག་ ལག་ལེན་འཐབ་མི་དེ་ ཧེ་མ་ལས་བཏབ་ཡོད་མི་ ཨ་རིང་གི་པར་ཚུ་ རྙིངམ་ཐལ་ཡོདཔ་ལས་ པར་ལུ་ལྟ་སྟེ་ ཁྱབ་ཚད་ལྟཝ་ད་ ཁྱབ་ཚད་ངོ་མ་དེ་ བདའ་ཟུན་མི་ཚུགས་དོ་ཡོདཔ་ལས་ ས་ཁོངས་ནང་སོང་སྟེ་ ལྟ་ཡོདཔ་ཨིན་པས།

དེ་ཡང་ ས་ཁོངས་ནང་སོང་མི་ཚུ་གི་ འགྲུལ་འཕྲིན་ནང་ འཕྲུལ་རིག་དེ་ བཙུགས་ཡོདཔ་ལས་ དེ་གིས་ གུ་གཱུལ་ནང་བཏབ་ ཡོད་མི་ པར་དང་ས་ཁོངས་གཉིས་ དབྱེ་ཞིབ་འབད་དེ་ པར་ནང་ཡོད་མི་དང་ ས་ཞིང་ངོ་མ་གཉིས་ རྟགས་མཐུན་མི་མཐུན་ཚུ་ ལྟ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལོའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ འབྱ་ལཱ་དོན་ལུ་ ལག་ ལེན་འཐབ་མི་ ཨ་རིང་དེ་ ཨེ་ཀར་༥༡,༣༦༨ ཡོད་ས་ལས་ སྤྱི་ལོ་༢༠༡༨ ལུ་ ཨེ་ཀར་༣༧,༢༦༨ ལུ་ མར་བབས་སོང་ཡོད་པའི་ ཐོ་བཀོད་འབད་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ ཨེ་ཀར་༥༣,༠༥༥ ཡོད་མི་དང་ཕྱདཔ་ད་ ཕྱད་ཀ་དེ་ཅིག་གི་རྩིས་ མར་བབས་སོང་ཡོདཔ་ཨིན་པས།

སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ཨ་རིང་བཟའ་སྤྱོད་ཀྱི་གྱངས་ཁ་ མར་བབས་སོང་མི་ གཙོ་བོ་གཅིགཔོ་དེ་ གོང་འཕེལ་གྱི་དོན་ལུ་ ལག་ལེན་འཐབ་མི་དང་ མི་སྡོད་སའི་ཁྱིམ་རྐྱབ་མི་ དེ་ལས་ བཟོ་སྐྲུན་གཞན་ཚུ་གི་དོན་ལུ་ ལག་ལེན་འཐབ་མི་ལུ་བརྟེན་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལོའི་ སོ་ནམ་གནས་སྡུད་དང་འཁྲིལཝ་ད་ ཨེ་ཀར་༥༦,༠༦༩ ལས་ ཨེ་ཀར་༡༤,༩༢༣ གྱི་རྩིས་འབདཝ་ད་ བརྒྱ་ ཆ་༢༧ དེ་ཅིག་ བཟའ་སྤྱོད་མ་འབད་བར་ བཞག་ཡོདཔ་ཨིན་པས།

དེ་ཡང་ ལས་མིའི་དཀའ་ངལ་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཞིང་ཚུ་སྟོངམ་སྦེ་ བཞག་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *