གསོ་བའི་སྡེ་ཚན་ལུ་དཀའ་ཚེགས།

༉ འབྲུག་གི་གསོ་བའི་མཐུན་རྐྱེན་དང་ གཞི་རྟེན་ཁང་ཚུ་ མེདཔ་ཐལ་བའི་ མངོན་གསལ་བྱུངམ་མས།
གསོ་བའི་ལས་བྱེདཔ་ཚུ་ལུ་ སྲིད་བྱུས་རྩམ་མི་ཚུ་ལས་ བརྩི་མཐོང་བསྐྱེད་ནི་མེད་པའི་ ཉོགས་བཤད་བཀོདཔ་དང་འབྲེལ་ ང་བཅས་ཀྱིས་ རྒྱལ་ཁབ་ནང་ གསོ་བའི་སྨན་ཁང་དང་ མཐུན་རྐྱེན་ཚུ་གི་ སྤུས་ཚད་དེ་ སྣང་མེད་བཞག་མི་ལུ་བརྟེན་ དཀའ་ངལ་གསོ་བའི་ཞབས་ཏོག་ཚུ་ལུ་ ཐོ་ཕོགཔ་ཨིན་མས།
དཔེར་ན་ སྨན་ཁང་གསརཔ་ཚུ་གི་གྱང་གུ་ སེར་གུ་ཐོན་ཡོདཔ་མ་ཚད་ གནམ་པང་ཚུ་ བུད་འོང་དོ་ཡོད་པའི་ ལོ་རྒྱུས་ཚུ་ ཐོན་ཡོདཔ་ད་ རྩི་རང་རྫོང་ཁག་སྨན་ཁང་རྐྱབ་པའི་བསྒང་ལས་ར་ རྩོད་རྙོགས་ཐོན་ཡོདཔ་མ་ཚད་ ཐིམ་ཕུག་ལུ་ མ་བུའི་སྨན་ཁང་དེ་ བཟོ་སྐྲུན་འགོ་མ་བཙུགསཔ་ལས་ར་ ཁག་འབགཔ་ཚུ་གིས་ རིན་བསྡུར་བྱ་རིམ་ཚུལ་ལྡན་མ་འགྱོ་བའི་སྐོར་ ཉོགས་བརྡུངས་ནུག།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ཡོད་མི་ ཨེམ་ཨར་ཨའི་འཕྲུལ་ཆས་མེདཔ་ཐལ་མི་དེ་ ད་ལྟོ་ཡང་ བཅོ་ཁ་མ་རྐྱབ་པར་ཡོདཔ་ད་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ འགོ་འབྱེད་འབད་དེ་ ལོ་མ་ལངམ་ལས་ར་ མེདཔ་ཐལ་ནི་ འགོ་བཙུགས་མི་དེ་ཡང་ བརྟག་དཔྱད་འཕྲུལ་ཆས་ཚུ་ མེདཔ་ཐལ་བའི་ཁར་ གནམ་པང་ཚུ་ བུད་འོང་སར་ མཐོང་གསལ་བྱུངམ་ཨིན་མས།
སྨན་ཁང་འགོ་འབྱེད་འབད་དེ་ ཟླཝ་༧ ལངམ་ད་ སྨང་ཁང་གི་གྱང་རྩིག་ཚུ་ལས་ སེར་གུ་ཐོན་ཡོདཔ་ད་ ད་རེས་ནངས་པར་ སྨན་ཁང་གི་ ཁང་ཚན་དག་པ་ཅིག་གི་ གནམ་པང་ཚུ་ བུད་འོང་སར་ ཆུ་འཛགས་དོ་ཡོདཔ་ལས་ གསོ་བའི་ལས་བྱེདཔ་ཚུ་གིས་ ནདཔ་ཚུ་གི་ ཉལ་ཁྲིའི་སྦོ་ལོགས་ཁར་ གྱིབ་དོབ་བཟེད་བཞག་ནུག།
དཀའ་ངལ་དེ་ཚུ་ གསོ་བའི་ལབ་བྱེདཔ་གཅིག་ཤུལ་གཉིས་ཤུལ་སྦེ་ རང་སོའི་ཁྱད་གཡོག་བཞག་སྟེ་འགྱོ་བའི་ ནམ་དུས་ལུ་དང་ གཞུང་གི་ཧོངས་ལས་ རྒྱལ་ཁབ་ནང་འཁོད་ལུ་ སྨན་ཁང་མངམ་རྐྱབ་ནི་དང་ གཙོ་བསྟེན་སྨན་ཁང་ཚུ་ མཉམ་སྡེབ་འབད་ནི་གི་ འཆར་གཞི་བརྩམ་པའི་སྐབས་ བྱུངམ་ཨིན་མས།
མི་སེར་ཚུ་ སྨན་ཁང་ལྟེ་བ་ཚུ་ནང་ འཇམ་ཏོང་ཏོ་སྦེ་ ལྷོད་ཚུགསཔ་བཟོ་ནི་དང་ རྒྱ་སྐྱེད་འབད་ནི་གི་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ སྤུས་ཚད་ལུ་ ཐོ་ཕོག་ནི་དེ་གིས་ གསོ་བའི་ཞབས་ཏོག་ལེགས་ལྡན་ཐོབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་འདུག།་
གསོ་བའི་ཞབས་ཏོག་སྤུས་ཚད་ཅན་སྦེ་ མཁོ་སྤྲོད་འབད་ནིའི་དོན་ལུ་ གསོ་བའི་མཁའ་མཆོག་ བཙུགས་ནི་དང་ གསོ་བའི་སྨན་པ་དང་ དྲུང་འཚོ་ལུ་ སྦྱོར་བརྡན་བྱིན་མི་རྐྱངམ་གཅིག་གིས་མི་བཏུབ། གསོ་བའི་མཁའ་མཆོག་དང་ དྲུང་འཚོ་ཚུ་གི་དོན་ལུ་ ནདཔ་གཤག་བཅོས་དང་ བརྟག་དཔྱད་འཕྲུལ་ཆས་ཚུ་ཡང་ ག་ནི་བ་ མཁོ་གལ་ཅན་ཅིག་ཨིན་མི་དེ་ཡང་ སྨན་ཁང་ལ་ལོ་ཅིག་ནང་ མཁོ་ཆས་དང་ མཐུན་རྐྱེན་ཚུ་ མེད་མི་ལུ་བརྟེན་ དྲུང་འཚོ་དང་ མཁས་མཆོག་ཚུ་གིས་ གནས་སོར་འགྱོ་མ་བཏུབ་པའི་ གདོང་ལེན་བྱུང་ཡོདཔ་མ་ཚད་ ལ་ལོ་གིས་ གནས་སོར་འགྱོཝ་ད་ བརྟག་དཔྱད་མཁོ་ཆས་ཚུ་ ཁོང་དང་གཅིག་ཁར་ འབག་འགྱོ་བའི་ གནད་དོན་ཚུ་ཡང་ཐོན་ཡོད།
ད་རེས་ གཞུང་སྐྱོང་ནང་ བློན་ཆེན་ལས་འགོ་བཟུང་ གསོ་བའི་མཁས་མཆོག་ལེ་ཤ་ཡོད་པའི་ཁར་ སྐུལ་བསྒྲགས་ཀྱི་སྐབས་ལུ་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་སྦེ་ ཁས་བླངས་འབད་ཡོདཔ་བཞིན་དུ་ གསོ་བའི་ཞབས་ཏོག་སྒྲུབ་ད་ དཀའ་ངལ་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ ག་བ་དྲགཔ་སྦེ་ གཞུང་སྐྱོང་ལུ་ མཁྱེན་གསལ་ཆེཝ་ཨིན།
མ་གཞི་ གསོ་བའི་སྡེ་ཚན་ ལེགས་བསྒྱུར་འབད་ནིའི་དོན་ལུ་ འཆར་གཞི་དང་ ལཱ་ཚུ་འབད་དོ་ཡོད་རུང་ ད་ཚུན་གྱི་བར་ན་ མངོན་གསལ་ཆེ་བའི་ ཕྱག་ལཱ་གནང་ས་དང་ གྲུབ་འབྲས་བཏོན་སར་ མཐོང་གསལ་འབྱུང་ནི་མིན་འདུག།
འབྲུག་བཟུམ་མའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཆུང་ཀུའི་ནང་ གསོ་བའི་མཐུན་རྐྱེན་དང་ ཞབས་ཏོག་ དེ་ལས་ སྤུས་ཚད་ཚུ་ལུ་ ཐོ་ཕོག་བཅུག་པ་ཅིན་ སྲིད་དོན་དང་འབྲེལ་བའི་ ཁས་བླངས་ཚུ་ ཁ་དང་ལགཔ་རྟགས་མ་མཐུན་པའི་ རྟགས་མཚན་དང་ ངན་ལྷད་ལུ་ སེམས་ཤུགས་བསྐྱེད་དོ་བཟུམ་ཅིག་ཨིན།
འདི་འབདཝ་ལས་ གསོ་བའི་ལམ་ལུགས་ ལེགས་ལྡན་དང་ སྨན་ཁང་ཚུ་ རྒྱ་སྐྱེད་གཏང་ནི་ དེ་ལས་ གསོ་བའི་ཞབས་ཏོག་ སྤུས་ཚད་དང་ལྡནམ་སྦེ་ མཁོ་སྤྲོད་འབད་ནིའི་དོན་ལུ་ གཞུང་ལས་ ལྟ་རྟོག་དམ་སྒྲིང་མཛད་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *