གསོ་བའི་སྒྲིག་གཞི་ཚུ་ ཚུལ་མཐུན་ལག་ལེན་འཐབ་དགོཔ།

༉ ད་རེས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཚད་འཛིན་འབད་ཚུགས་པའི་ གནས་སྟངས་བྱུང་མི་དེ་ལུ་ བློ་བདེ་སྡོད་ནི་མེན་པར་ གསོ་བའི་འགོ་དཔོན་དང་ བདེ་སྲུངཔ་ དེ་ལས་ འགན་འཁྲི་ཅན་ཚུ་གིས་ ལྷག་པར་དུ་ སེམས་བག་ཡེངས་མ་ཤོར་བར་ དུས་དང་རྣམ་པ་ཀུན་ཏུ་ དྲན་ཤེས་བཏོན་དགོཔ་འདུག།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ནད་ཡམས་འདི་ ང་བཅས་རའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ད་ལྟོ་ ཁྱབ་སྤེལ་འགྱོ་བཞིན་དུ་ཡོདཔ་མ་ཚད་ ནད་ཡམས་ལུ་བརྟེན་ ཚེ་ལས་འདས་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་དེ་གིས་ཨིན།

ནད་ཡམས་ཀོ་བིཌ་-༡༩ འདི་ མགྱོགས་དྲགས་སྦེ་ འགྱུར་འགྱོ་མི་ ནད་འབུབ་ཅིག་ཨིནམ་ལས་ སྨན་ཁབ་ཐེངས་༡ དང་༢ བཙུགསཔ་ཅིག་གིས་ བཀག་སྲུང་ཧྲིལ་བུམ་ འབད་མི་ཚུགས་ནི་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ ཚན་རིག་མཁས་མཆོག་ཚུ་གིས་ ཁྱད་རྣམ་འགྱུར་མི་ ནད་འབུབ་གསརཔ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ ནུས་སྨན་ཚུ་ བཟོ་བཞིན་དུ་འདུག།

ཨིན་རུང་ ང་བཅས་རའི་ གནས་སྟངས་ལུ་བལྟ་བ་ཅིན་ འབྲུག་མི་མང་ཤོས་ར་ སེམས་བག་ཡེངས་ཤོར་དོ་བཟུམ་མའི་ མཐོང་གསལ་བྱུང་མི་ལུ་བརྟེན་ ལྟ་རྟོག་ལམ་ལུགས་ཚུ་ ལྷག་པར་དུ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་དགོཔ་འདུག།

དཔྱེ་འབད་བ་ཅིན་ ཁྲོམ་ཁར་ ཉོ་ཚོང་རྐྱབ་པར་འགྱོ་མི་ཚུ་གིས་ འབྲུག་ཊེསི་སི་ཀེན་ མི་འབད་དོ་ཡོདཔ་མ་ཚད་ སྨན་ཁང་དང་ དུར་ཁྲོད་ལ་སོགས་པའི་ མི་མང་སྤུངས་འཛོམས་ས་ཁོངས་ཚུ་ནང་ ག་ཏེ་འགྱོ་རུང་ རང་དང་གཞན་གྱི་བར་ན་ ས་སྟོང་མ་བཞག་པའི་ཁར་ ཧེ་མ་བཟུམ་སྦེ་ ལགཔ་འཁྱུ་སའི་ མཐུན་རྐྱེན་ཚུ་ཡང་ མི་མཐོང་པས།

ནད་འབུབ་འདི་གི་ གནས་སྟངས་སྐོར་ལས་ ག་གིས་ཡང་ ངེས་བརྟན་སླབ་མ་ཚུགས་ནི་དེ་གིས་ སྨན་ཁབ་བཙུགས་ཡི་ཟེར་ བློ་བདེ་སྡོད་ནི་མེན་པར་ གཅིག་གིས་གཅིག་ལུ་ དྲན་གསོ་འབད་དེ་ མཉམ་རུབ་ཐོག་ལས་ ནད་ཡམས་སྔོན་འགོག་འབད་ནི་ལུ་ སྤྱི་རུབ་འགན་ཁུར་ འབག་དགོཔ་འདུག།

མ་གཞི་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ ང་བཅས་རའི་ རྒྱལ་ཁབ་ནང་ མི་འབོར་བརྒྱ་ཆ་༩༠ ལྷགཔ་ཅིག་ལུ་ སྨན་ཁབ་བཙུགས་ཡོད་རུང་ ནད་འབུབ་འཐོབ་ནི་ལས་ བཀག་སྲུང་ཧྲིལ་བུམ་འབད་མ་ཚུགས་མི་དེ་ཡང་ མིག་གིས་མ་མཐོང་པའི་ ནད་འབུབ་འདི་གི་ བཟོ་རྣམ་འགྱུར་འགྱོ་བའི་ཁར་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་མི་ལུ་བརྟེན་ཨིན་མས།

ལགཔ་འཁྱུ་ནི་དང་ ཁ་རས་སྤུབས་ནི་ དེ་ལས་ བར་ན་ས་སྟོང་བཞག་ནི་དེ་ ཐབས་ལམ་འཇམ་ཤོས་ཅིག་ཨིནམ་ད་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་མེན་པར་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ཡང་ ཐབས་ལམ་འདི་ལུ་བརྟེན་ ནད་ཡམས་སྔོན་འགོག་འབད་ཚུགས་ཏེ་ཡོདཔ་ལས་ ང་བཅས་ར་ སྒྲིག་གཞི་འདི་ལུ་ ངེས་པར་དུ་ ཚུལ་མཐུན་གནས་དགོཔ་ གལ་ཆེ་དྲགས་འདུག།

ནད་ཡམས་སྔོན་འགོག་གི་ གཞི་རྟེན་སྒྲིག་གཞི་འདི་གིས་ འཛམ་གླིང་ནང་ མི་ས་ཡ་ལས་བཅད་དེ་ སྲོག་སྐྱབས་འབད་ཚུགས་ཡོདཔ་ལས་ སྤྱིར་བཏང་འབྲུག་མི་ཚུ་གིས་ ག་ཏེ་འགྱོ་རུང་ ག་ཏེ་སྡོད་རུང་ གསོ་བའི་སྒྲིག་གཞི་ཚུ་ འཐུས་ཤོར་མེད་པར་ ཚུལ་མཐུན་ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *