སྒྲིག་གཡོག་རྒྱུག་མི་ སྨན་གཡོགམོ་ཚུ།

གསོ་བའི་ལྷན་ཁག་གིས་ གཞི་རྟེན་སྨན་ཁང་ཚུ་ནང་ ཨམ་སྲུ་སྨན་པ་གཏང་ནི་ལུ་ དམིགས་གཏད་གྲུབ་མ་ཚུགསཔ།

༉ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ག་ར་ནང་ ཨམ་སྲུ་སྨན་པ་རེ་ དུས་ཅི་སྤྱི་ཟླ་༡ པ་ མཇུག་བསྡུ་ཁམས་ལས་ བགོ་བཀྲམ་གྱི་ ཁས་བླངས་འབད་མི་དེ་ བརྒྱ་ཆ་༩༠ དེ་ཅིག་མ་གཏོགས་ འགྲུབ་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་མི་དང་འཁྲིལཝ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ སྨན་གཡོགམོ་ཚུ་གི་ ཐོ་བསྐྱལ་མིའི་ནང་ སྨན་གཡོགམོ་ཕུད་རྡོག་༣ དེ་ཅིག་ མི་སེར་གྱི་ ཁེ་ཕན་ལུ་དམིགས་ཏེ་དང་ སྨན་ཁང་གི་ སྟབས་བདེ་ཧིང་དང་འཁྲིལ་ཏེ་ ཐིམ་ཕུག་ལུ་ར་ བཞག་དགོཔ་སྦེ་ ཐོན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུང་ཕྱོགས་དང་ རྫོང་ཁག་སྨན་ཁང་ཚུ་གི་ སྨན་གཡོགམོ་༢༠ དེ་ཅིག་གིས་ ཁོང་ལུ་ སྟབས་མ་བདེ་བའི་གནད་ལུ་བརྟེན་ གནས་སོར་འགྱོ་ཐབས་མེདཔ་སྦེ་ གསོ་བའི་ལྷན་ཁག་གི་ མཐོ་གཏུགས་འབད་དེ་ཡོད་མི་དང་འཁྲིལ་ ད་རེས་ མི་སྟོབས་ཚོགས་ཆུང་གིས་བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
མཐོ་གཏུགས་འབད་མི་ཚུ་ཡང་ མང་ཤོས་ར་ བཟའ་ཚང་གི་དང་ གཉེན་གྱི་སྟབས་མ་བདེཝ་ འཕྲོད་བསྟེན་ དེ་ལས་ ཨ་ལོ་གི་ སྟབས་མ་བདེཝ་ཚུ་ ཡོད་ལུགས་སྐོར་ལས་ འབད་ཡོདཔ་སྦེ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ཁོང་ར་ ཞུ་ཡིག་ག་དེ་སྦེ་ བཙུགས་ཡོདཔ་ཨིན་རུང་ ལྷན་ཁག་གི་ཁ་ཐུག་ལས་ གྲོས་ཐག་བཅད་ཚར་ཏེ་ཡོདཔ་ལས་ ཡིག་ཚང་བཀའ་རྒྱ་བཏང་ཚར་མི་ཚུ་ གཞི་རྟེན་སྨན་ཁང་ཚུ་ནང་ འགྱོ་དགོཔ་འོང་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ལོ་འགོ་བཙུགསཔ་ད་ བཏང་མ་ཚུགས་མི་ཚུ་ སྤྱི་ཟླ་༦ པའི་ནང་ གསོ་བའི་ལས་རོགས་པའི་ སྦྱོང་བརྡར་འབད་མི་ ཨམ་སྲུ་༢༠ དེ་ཅིག་ མཐར་འཁྱོལ་བྱུང་བའི་སྐབས་ དེ་བསྒང་ གཏང་ནི་འོང་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤད་ཅི།
ཨིན་རུང་ གཞུང་སྐྱོང་མཆོག་འགྱུར་སྐབས་ལུ་ ལོ་འགོ་བཙུགསཔ་ད་ སྨན་གཡོགམོ་ཚུ་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ ག་རའི་ནང་ ཁྱབ་ཚུགསཔ་སྦེ་ འབད་ནི་ཟེར་ ཁས་བླངས་འབད་ཡོད་མི་དེ་ གྲུབ་མི་ཚུགསཔ་ནི་ཨིན་རུང་ སྤྱི་ཟླ་༦ པ་ནང་ལས་ འགྲུབ་ཚུགས་ཟེར་ བཤདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་གི་ སྡེ་རིམ་གཉིས་པའི་ གཞི་རྟེན་སྨན་ཁང་༡༨༤ ཡོད་མི་ སྨན་ཁང་ག་ར་ནང་ ཨམ་སྲུ་སྨན་པ་ཁྱབ་ཚུགསཔ་སྦེ་ གཏང་ནིའི་དམིགས་གཏད་ཨིན་པས།
གསོ་བའི་དྲུང་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ རྫོང་ཁག་ལ་ལོ་ཅིག་ནང་ སྨན་གཡོགམོ་ཐེབས་ཡོད་མི་ཚུ་གི་ མིང་ཐོ་དེ་ ལྷན་ཁག་ལུ་ལྷོདཔ་མ་ཚད་ གནས་སོར་འགྱོ་དགོ་པའི་ ཡིག་ཚང་བཀའ་རྒྱ་ཡང་ བཏང་སྟེ་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ རྒྱལ་ཁབ་ནང་གི་ གཞི་རྟེན་སྨན་ཁང་ཚུ་ནང་ ད་རེས་ཀྱི་ཟླཝ་ལས་ སྨན་གཡོགམོ་རེ་བགཏང་ནི་ཨིན་ཟེར་མི་ དམིགས་གཏད་འགྲུབ་ཐབས་ལུ་ ཨམ་སྲུ་སྨན་པ་༢༣ དགོ་ནི་ཨིན་པས།
མཐའ་ཟུར་གྱི་ གཞི་རྟེན་སྨན་ཁང་ཚུ་ནང་ ཨམ་སྲུ་སྨན་པ་དགོཔ་དེ་ བློན་ཆེན་གྱིས་ རྒེད་འོག་གི་ ལྟ་སྐོར་སྐབས་ལུ་དང་ གསོ་བའི་བློན་པོ་ཁོ་ར་ ལྟ་སྐོར་ནང་འགྱོཝ་ད་ མི་སེར་ཚུ་གིས་ གསོལ་འདེབས་ཞུ་མི་དང་འཁྲིལ་ཏེ་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་ཡང་ ཕོ་སྐྱེས་སྨན་པ་ཚུ་ ལྕོགས་གྲུབ་མིན་འདུག་ཟེར་མེན་པར་ གཡུས་ཁའི་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་སྨན་པ་ཚུ་འབདཝ་ད་ ཁོང་རང་ལུ་ ཁག་ཆེ་བའི་བརྟག་ཞིབ་ དཔེར་ན་ པེབ་སི་མི་ཡར་ལ་སོགས་པ་ཚུ་ ཕོ་སྐྱེས་ལུ་ གཡང་ཟ་བག་ཟ་བསྐྱེད་དེ་ འབད་མ་བཏུབ་ནི་དེ་གིས་ཨིན་པས།
གསོ་བའི་བློན་པོ་གིས་ འདས་པའི་དྲི་བ་དྲིས་ལན་སྐབས་ལུ་ བཤད་མིའི་ནང་ དེ་སྦེ་ སྨན་གཡོགམོ་གཏང་ནི་ཟེར་མི་དེ་ ཨམ་སྲུ་ཚུ་གི་ སྟབས་བདེ་ཧིང་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་གྱིས་ སླབ་མིའི་ནང་ རྫོག་ཁག་གཅིག་ནང་སྡོད་དེ་ ལོ་༨ ལས་༡༠ ལང་མི་ཚུ་ཡང་ རྫོང་ཁག་གཞན་ནང་ གནས་སོར་འགྱོ་དགོཔ་དེ་ ཤེས་དགོ་ཟེར་ཨིན་པས།
དེ་འབདཝ་ལས་ སྨན་གཡོགམོ་ཚུ་ལུ་ འདྲ་མཉམ་སྦེ་འབད་ཐབས་ལུ་ རྫོང་ཁག་མི་སྟོབས་འགོ་དཔོན་ཚུ་ལུ་ མིང་ཐོ་ཚུ་ བསྐྱལ་དགོཔ་སྦེ་སླབ་མི་དང་འཁྲིལ་ ག་ར་གྲ་སྒྲིག་འབད་ཚར་ཏེ་ ཡོད་རུང་ ད་ལྟོ་ དག་པ་ཅིག་གིས་ མཐོ་གཏུགས་འབད་ཡོདཔ་ལས་ ཞལ་འཛོམས་འཚོགས་ཚར་བའི་ཤུལ་ལས་ ཐག་བཅད་འོང་ཟེར་ བཤདཔ་ཨིན་པས།
མ་གཞི་ ལྷན་ཁག་གིས་ སྨན་གཡོགམོ་ཐེབས་ ག་དེ་སྦེ་ཡོདཔ་ཨིན་ན་དང་ གཞི་རྟེན་སྨན་ཁང་རེ་ནང་ སྨན་གཡོགམོ་རེ་གཏང་ནི་དེ་ གདོང་ལེན་ཅན་ཅིག་འོང་ནི་ཨིན་རུང་ དམིགས་གཏད་དེ་ འགྲུབ་ནིའི་དོན་ལུ་ ད་རེས་ཀྱི་ཟླཝ་ནང་ར་ གཏང་ཚུགསཔ་སྦེ་འབད་ནི་དང་ མ་ལང་མི་ཚུ་ སྤྱི་ཟླ་༦ པའི་ནང་ གཏང་ནི་སྦེ་བཤདཔ་ཨིན་པས།
རྒྱལ་ཁབ་ནང་ ཨམ་སྲུ་སྨན་གཡོགམོ་ལངམ་མེད་པ་ཅིན་ ལྷན་ཁག་ལུ་ དཀའ་ངལ་འབྱུང་ནི་ཨིན་རུང་ ཨམ་སྲུ་སྨན་པ་གི་ གྱངས་ཁ་དེ་ ལངམ་སྦེ་ཡོདཔ་ལས་ ཧེ་མ་ལས་ ཁ་ཚིག་བཞག་མི་དེ་ འགྲུབ་ཚུགསཔ་ཅིག་ འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ གསོ་བའི་ལས་རོགསཔ་བསྡོམས་༦༠༥ ཡོད་ས་ལས་༢༣༢ ཨམ་སྲུ་ཨིན་ཟེར་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *