གསོ་བའི་ལས་བྱེདཔ་ཚུ་ དགོངས་ཞུ་འགྱོ་མིའི་ རྒྱུ་རྐྱེན་ཧ་གོ་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཞི་གཡོགཔ་ཚུ་དང་ཕྱདཔ་ད་ གསོ་བའི་ལས་བྱེདཔ་དང་ མཁས་མཆོག་ དེ་ལས་ སློབ་དཔོན་ཚུ་གི་ དངུལ་ཕོགས་དང་འཐུས་ཚུ་མངམ་སྦེ་ ཡར་སེང་འབད་རུང་ དེ་གིས་ དགོངས་ཞུ་འགྱོ་ནི་ལས་ བཀག་ཚུགས་འོང་ག?
ད་རེས་ནངས་པར་ མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ དྲི་བཀོད་འབད་ནི་ འགོ་བཙུགས་ཡོད་རུང་ མང་ཤོས་ཅིག་གིས་ར་ དངུལ་ཕོགས་དང་ འཐུས་ག་དེམ་ཅིག་ ཡར་སེང་འབད་རུང་ སློབ་དཔོན་དང་ གསོ་བའི་མཁས་མཆོག་ཚུ་ དགོངས་ཞུ་འགྱོ་ནི་དང་ ཡང་ཅིན་ དངུལ་ཕོགས་མེད་པའི་ ཡུན་རིང་གི་ ངལ་གསོ་ལེན་སྡོད་ནི་ཚུ་ལས་ བཀག་མི་ཚུགས་ཟེར་སླབ་མས། གསོ་བ་ལྷན་ཁག་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ གསོ་བའི་ཁྱད་གཡོག་དང་ འཕྲུལ་ལས་ཚུ་ནང་ ལཱ་འབད་མི་༢,༢༠༡ དགོཔ་ཡོད་རུང་ འདས་པའི་ལོ་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ནང་ལས་ སྨན་གཡོགམོ་༥༥ རང་སོའི་ཁྱད་གཡོག་བཤོལ་བཞག་སྟེ་ འགྱོ་མི་དེ་ རྣམ་རྟོག་ལང་སི་སི་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
དེ་ཡང་ དུས་ཅི་ སྤྱི་ཟླ་༡ པ་ལས་༦ པ་ཚུན་ཚོན་ སྨན་གཡོགམོ་༡༦ རང་སོའི་ཁས་བླངས་ཐོག་ དགོངས་ཞུ་འགྱོ་མི་ལུ་ བལྟ་བ་ཅིན་ ཉིནམ་རེ་ལུ་ སྨན་གཡོགམོ་༢ ཀྱིས་ རང་སོའི་ཁྱད་གཡོག་བཤོལ་བཞག་སྟེ་ འགྱོ་དོ་ཡོདཔ་ད་ འདས་པའི་ལོ་༦ ནང་ སྨན་གཡོགམོ་༡༢༥ དེ་ཅིག་ དགོངས་ཞུ་འབད་ནུག།
དེ་འབདཝ་ད་ སྤྱི་ལོ་༢༠༡༦ ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ཚོད་ ཟླཝ་ཕྱེད་དང་༤ གི་རིང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ སྨན་གཡོགམོ་༡༢༥ དགོངས་ཞུ་འབད་བའི་ཁར་ སྤྱི་ལོ་༢༠༡༨ ལུ་ སྨན་གཡོགམོ་༥༥ ཁྱད་གཡོག་བཤོལ་བཞག་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་མས།
ད་རུང་ དུས་ཅི་ སྤྱི་ཟླ་༡ པ་ལས་ ད་ཚུན་གྱི་བར་ན་ སྨན་ཁང་དེ་ནང་ལས་ སྨན་གཡོགམོ་༡༥ དགོངས་ཞུ་འབད་ཡོདཔ་ད་ ད་རེས་ནངས་པར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་གཡོགམོ་༥༢༧ ཡོདཔ་ཨིན་རུང་ ད་རུང་ སྨན་གཡོགམོ་༡༢༠ ལྷགཔ་ཅིག་གིས་ མ་ལང་པར་ཡོདཔ་ཨིན་མས།
ང་བཅས་ལུ་ སྨན་གཡོགམོ་དང་ གསོ་བའི་མཁས་མཆོག་ ལངམ་མེད་པ་ཅིན་ མི་མང་ལུ་ གསོ་བའི་ཞབས་ཏོག་ དུས་ཚོད་ཁར་ མཁོ་སྤྲོད་འབད་ནི་ཨིནམ་ད་ ཐིམ་ཕུག་ལུ་ སྨན་ཁང་ནང་ འགྱོ་བ་ཅིན་ ཉིནམ་ཕྱེད་དེ་ཅིག་ བསྒུག་དགོ་མི་དེ་ཡང་ གསོ་བའི་ལས་བྱེདཔ་ལངམ་མེད་མི་ལུ་བརྟེན་ཨིན་མས།
མ་གཞི་ སྨན་གཡོགམོ་ཚུ་ དགོངས་ཞུ་འགྱོ་མི་དེ་ ལཱ་དང་བསྟུན་པའི་ དངུས་ཕོགས་དང་ འཐུས་དེ་ཚུ་ འདྲ་མཉམ་སྦེ་ མ་ཐོབ་ནི་དེ་གིས་ འོང་སྲིད་ནི་ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྒྱུ་རྐྱེན་འདི་ཚུ་ལུ་ གཞི་བཞག་སྟེ་ ང་བཅས་རའི་ གསོ་བའི་ལས་བྱེདཔ་དང་ ཡང་ཅིན་ སློབ་གྲྭའི་སློབ་དཔོན་ཚུ་ ག་ཅི་སྦེ་ དགོངས་ཞུ་འགྱོཝ་ཨིན་ན་ བརྟག་ཞིབ་འབད་ཡོདཔ་ཨིན་ན?
དེ་སྦེ་ དགོངས་ཞུ་འགྱོ་མི་དེ་ དངུས་ཕོགས་དང་ འཐུས་ཉུང་མི་ལུ་བརྟེན་མེན་པ་ཅིན་ གནད་དོན་གཞན་ ག་ཅི་ཨིན་ན་དང་ དམིགས་བསལ་དུ་ ང་བཅས་རའི་ སྨན་གཡོགམོ་ཚུ་གིས་ ག་ཅི་སྦེ་ རང་སོའི་ཁྱད་གཡོག་བཤོལ་བཞག་དོ་ཡོདཔ་ཨིན་ན་ ཞིབ་འཇུག་མཐིལ་ཕྱིན་འབད་བ་ཅིན་རྐྱངམ་གཅིག་ རྒྱུ་རྐྱེན་ཚུ་ ཧ་གོ་ཚུགས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *