གསོ་བའི་ལས་བྱེདཔ་ཚུ་ལུ་ ཉིན་འཐུས་སྤྲོད་མིའི་ནང་ ཚུལ་མཐུན་མེད་པའི་མངོན་གསལ།

རྩིས་ལོ་༢༠༡༦ དང་༢༠༡༧ ལུ་ རྒྱལ་སྤྱི་ལས་སྡེ་༢ ཀྱི་ མ་དངུལ་ཐོག་ གསོ་བའི་ལྷན་ཁག་གིས་ ལག་ལེན་འཐབ་མི་ ལས་འགུལ་༢ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བསྐྱར་ཞིབ་འབད་བའི་སྐབས་ གསོ་བའི་འགོ་དཔོན་དང་ ལས་བྱེདཔ་ཚུ་ལུ་ ཉིན་འཐུས་སྤྲོད་མི་ཚུ་ནང་ ཚུལ་མཐུན་མེད་པའི་ གནད་དོན་མང་རབས་ཅིག་ བདའ་ཟུན་ནུག།

གསོ་བའི་ལས་བྱེདཔ་༣༤ དེ་ཅིག་གིས་ རང་སོའི་སྡེ་རིམ་ཡར་སེང་སྟེ་ ཉིན་འཐུས་ཐོབ་བརྗོད་བཀོད་མི་ལུ་བརྟེན་ ཉིན་འཐུས་ཐེབས་དངུལ་ཀྲམ་༤༡༧,༥༧༢ སྤྲོད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ དེ་ཡང་ འཛམ་གླིང་གསོ་བའི་ལས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གསོ་བའི་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོད་མི་ ནང་འཁོད་ཀྱི་ སྦྱོང་བརྡར་ ཡང་ཅིན་ གོ་བསྡུར་ཞལ་འཛོམས་ཚུ་དང་འབྲེལ་བའི་ ཟད་འགྲོ་ཚུ་ལུ་ བསྐྱར་ཞིབ་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ད་རུང་ ཡུ་ཨེན་ཨེཕ་པི་ཨེ་གིས་ མ་དངུལ་རྒྱབ་སྐྱོར་བྱིན་མི་ ལས་འགུལ་ལུ་ རྩིས་ཞིབ་འབདཝ་ད་ གསོ་བའི་འགོ་དཔོན་༨ ལུ་ སྡེ་རིམ་མཐོ་ཤོས་ནང་ འགྲུལ་འཐུས་སྤྲོད་མི་ལུ་བརྟེན་ ཐེབས་དངུལ་ཀྲམ་༢༦,༡༣༥ སྤྲོད་ཡོདཔ་ བདའ་ཟུན་ནུག།

དེ་ནང་ གསོ་བའི་ལས་རོགསཔ་དང་ རྫོང་ཁག་གསོ་བའི་འགོ་དཔོན་ཚུ་གིས་ ཁོང་རའི་ཞི་གཡོག་གི་ སྡེ་རིམ་ཡར་སེང་སྟེ་ ཉིན་འཐུས་ཐོབ་བརྗོད་བཀོད་ཡོད་པའི་ མངོན་གསལ་བྱུང་ནུག།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ འགྲུལ་འཐུས་ཐོབ་བརྗོད་བཀོད་མི་ འབྲེལ་ཡོད་ལས་བྱེདཔ་ཚུ་གི་ གོ་གནས་གནས་རིམ་ཚུ་ ཞི་གཡོག་བརྡ་དོན་ལམ་ལུགས་དང་འཁྲིལ་ དབྱེ་ཞིབ་འབད་བའི་སྐབས་ རྩིས་ཞིབ་འགོ་དཔོན་ཚུ་གིས་ བདའ་ཟུན་ཡོདཔ་ཨིན་པས།

ཡིག་ཆ་ཚུ་ལུ་ལྟཝ་ད་ འདི་བཟུམ་ཉིན་འཐུས་ཐེབས་ཐོབ་བརྗོད་བཀོད་མི་དེ་ མནོ་ཞིང་བསམ་ཞིང་འབད་དོ་བཟུམ་འདུག་ཟེར་ གནས་ཚུལ་བཤད་མི་ཚུ་གིས་ སླབ་ཨིན་པས།

རྩིས་ཞིབ་དབང་འཛིན་གྱིས་འབད་བ་ཅིན་ འདི་བཟུམ་ཚུལ་མིན་ཐོན་མི་ཚུ་ཡང་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དང་ ལས་རིམ་འཛིན་སྐྱོང་འབད་མི་ དེ་ལས་ རྩིས་འཛིན་པ་ཚུ་གིས་ ཐོབ་བརྗོད་བཀོད་མི་ཚུ་ དབྱེ་དཔྱད་ལེགས་ཤོམ་མ་འབད་བར་ ཏི་རུ་སྤྲོད་མི་ལུ་བརྟེན་ འཐུས་ཤོར་བྱུང་ནུག་ཟེར་ཨིན་པས།

རྩིས་འཛིན་པ་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ ལས་རིམ་ཁག་མ་འདྲཝ་ལེ་ཤ་ཅིག་རང་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ ཉིན་འཐུས་དང་ འགྲུལ་འཐུས་ལེན་མི་ འགོ་དཔོན་མང་ཧད་རྫོགསཔ་ཅིག་ཡོད་ལས་ འགོ་དཔོན་ཚུ་གི་ གོ་གནས་དང་ སྡེ་རིམ་ཚུ་ རེ་རེ་བཞིན་དུ་སྦེ་ དབྱེ་དཔྱད་འབད་ནི་ལུ་ ལཱ་ཁག་ཡོདཔ་སྦེ་ རྩིས་ཞིབ་པ་ཚུ་ལུ་ བདེན་ཁུངས་ཟངས་ཡོདཔ་ཨིན་པས།

ཨིན་རུང་ རྩིས་ཞིབ་དབང་འཛིན་གྱིས་ ལྷན་ཁག་ལུ་ ཁོང་གིས་ ཏི་རུ་ཐེབས་སྤྲོད་ཡོད་མི་ཚུ་ དུས་ཚོད་བྱིན་ཡོད་མིའི་ ནང་འཁོད་ལུ་ སོར་ཆུད་འབད་བཅུག་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ གལ་སྲིད་ རྩིས་ཞིབ་ཀྱི་ ཚེས་གྲངས་ནང་འཁོད་ལུ་ ཏི་རུ་མ་བཙུགས་པ་ཅིན་ ཉེས་སྐྱེད་བརྒྱ་ཆ་༢༤ རེ་ཕོག་ཟེར་ཨིན་པས།

དེ་མ་ཚད་ ལས་འགུལ་འཛིན་སྐྱོང་པ་གིས་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་ཞིནམ་ལས་ ཏི་རུ་ཐེབས་ལེན་ཡོད་མི་ ལས་བྱེདཔ་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་དགོཔ་སྦེ་ཨིན་པས།

ད་རུང་ འགོ་དཔོན་ལ་ལོ་ཅིག་གིས་ ལས་འགུལ་ཁག་མ་འདྲཝ་ཚུ་ནང་ལས་ ཉིན་འཐུས་ཚུ་ ལས་འགུལ་གཉིས་ཆ་ར་ལས་ ཐོབ་བརྗོད་བཀོད་ཡོདཔ་མ་ཚད་ དེ་ཚུ་ཡང་ དུས་ཚོད་དུས་མཉམ་ལུ་ ལེན་འབག་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་བཟུམ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ལས་གཡོག་ལྷན་ཁག་གིས་ ངོས་ལེན་མེད་མི་ སྤེལ་ཁང་ཚུ་ནང་ འགོ་དཔོན་ཚུ་གིས་ སྦྱོང་བརྡར་འབད་དེ་ ཉིན་འཐུས་དངུལ་ཀྲམ་༤༠,༥༠༠ སྤྲོད་ཡོདཔ་ད་ གལ་སྲིད་ ལས་སྡེ་༢ ཀྱིས་ དོགས་སེལ་མ་འབད་བ་ཅིན་ ཉིན་འཐུས་ཚུ་ སོར་ཆུད་འབད་དགོཔ་སྦེ་ཨིན་པས།

མ་འོངས་པ་ལུ་ དེ་བཟུམ་མའི་ དཀའ་ངལ་ཚུ་ མི་འཐོན་ནིའི་དོན་ལུ་ ལས་འགུལ་འཛིན་སྐྱོང་པ་ཚུ་གིས་འབད་རུང་ ཉིན་འཐུས་ཉིནམ་རེ་ནང་ དངུལ་ཀྲམ་༡,༠༠༠ དེ་ ངོས་འཛིན་ཡོད་མི་ སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འགོ་འདྲེན་འཐབ་པ་ཅིན་རྐྱངམ་གཅིག་ ཐོབ་ཐངས་ཡོདཔ་སྦེ་ བཟོ་དགོ་ཟེར་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཡུ་ནི་སི་ཨེཕ་གི་ མ་དངུལ་ཐོག་ལས་ ལག་ལེན་འཐབ་མི་ ལས་འགུལ་ཚུ་ཡང་ རྩིས་ཞིབ་འབད་ཚར་ཏེ་ཡོདཔ་ལས་ དེ་བཟུམ་མའི་ ཚུལ་མིན་ལག་ལེན་བདའ་ཟུན་ཡོད་རུང་ ད་ལྟོ་ རྩིས་ཞིབ་སྙན་ཞུ་དེ་ མཐའ་བཅད་བཟོ་མ་ཚར་བར་ཡོད་པའི་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *