གསོ་བའི་ལས་བྱེདཔ་ཚུ་ལུ་ ཕོ་དང་ཕོ་ མོ་དང་མོ་གི་བར་ན་ འདོད་སྤྱོད་འབད་མི་ཚུ་ འཛིན་སྐྱོང་འཐབ་ནི་གི་ རིག་རྩལ་མེདཔ།

༉ གསོ་བའི་ལྷན་ཁག་གི་ བརྟག་ཞིབ་སྙན་ཞུ་ཅིག་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་སྤྲོད་མི་ཚུ་གིས་ ཕོ་དང་ཕོ་གི་བར་ན་ འདོད་སྤྱོད་འབད་མི་ཚུ་དང་ འབྲེལ་བ་འཐབ་ནི་དང་ འཛིན་སྐྱོང་འཐབ་ནི་གི་ རིག་རྩལ་ཚུ་མེདཔ་ཨིན་པས།
མི་མང་འཕྲོད་བསྟེན་གྱི་ གྲོས་སྟོན་པ་ བདེ་ཆེན་དབང་མོ་གིས་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ལུས་འབྲེལ་འཕྲོད་བསྟེན་གྱི་ གོ་བ་བརྡ་སྤྲོད་དང་ ཤེས་ཡོན་ལས་རིམ་འགོ་འདྲེན་འཐབ་སར་ བརྡ་བརྒྱུདཔ་ཚུ་ལུ་ བཤད་མིའི་ནང་ རྒྱལ་ཁབ་ནང་གི་ གསོ་བའི་ལས་བྱེདཔ་མང་ཤོས་ཅིག་ར་ ཕོ་སྐྱེས་གཉིས་ལུས་འབྲེལ་འབད་མི་དང་ ནད་གཞི་ཨེཆ་ཨའེ་བི་ཡོད་མི་ནདཔ་ཚུ་ འཛིན་སྐྱོང་འཐབ་ནི་དང་ འབྲེལ་བ་འཐབ་ནིའི་ སྦྱོར་བརྡར་ཚུ་ འབད་འབདཝ་མིན་འདུག་ཟེར་ཨིན་པས།
ཁོང་ལུ་ སྦྱོང་བརྡར་ལ་སོགས་པ་མེད་ནི་དེ་གིས་ འབྲེལ་བ་འཐབ་པའི་སྐབས་ ཁོང་ར་གི་ མནོ་མི་དང་འཁྲིལ་ཏེ་ འབད་ནི་མ་གཏོགས་ གཞན་འབད་ཐབས་མིན་འདུག་ཟེར་ བདེ་ཆེན་དབང་མོ་གིས་ བཤད་ཅི།
ཕོ་སྐྱེས་གཉིས་ལུས་འབྲེལ་འབད་མི་ ཕོ་གིས་ མོའི་བཟོ་བཟོ་སྡོད་མི་དང་ མོ་གིས་ ཕོ་བཟོ་བཟོ་སྡོད་མི་ དེ་ལས་ ནད་གཞི་ཨེཆ་ཨའེ་བི་ཡོད་མི་ཚུ་ མི་མང་གིས་ ཞན་མདོག་བལྟ་ནི་དང་ ཉེ་རིང་ཕྱེ་ནི་ ལ་སོགས་པ་ཚུ་གི་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་བྱིན་མི་ཚུ་ ཁོང་གི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་གི་ གོ་སྐབས་དག་པ་ཅིག་ཡོདཔ་སྦེ་ཨིན་པས།
ཁོང་གིས་ བརྟག་ཞིབ་འདི་ རྫོང་ཁག་༦ ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ གསོ་བའི་འཕྲོད་བསྟེན་གྱི་ཞབས་ཏོག་བྱིན་མི་ དཔེར་ན་ ཌོག་ཊར་དང་ སྨན་གཡོགམོ་ འཕྲུལ་ལསཔ་ལ་སོགས་པ་ཚུ་གིས་ བཅའ་མར་གཏོགས་ནུག།
རྫོང་ཁག་༦ པོ་དེ་ཡང་ ཐིམ་ཕུག་དང་ ཆུ་ཁ་ གསར་སྤང་ བསམ་གྲུབ་ལྗོངས་མཁར་ བུམ་ཐང་ དབང་འདུས་ཕོ་བྲང་ཚུ་ཨིནམ་ད་ ཁོང་གིས་ རྫོང་ཁག་ཚུ་ གདམ་ཁ་རྐྱབ་པའི་སྐབས་ མི་རློབས་མང་ཉུང་དང་འཁྲིལ་ཏེ་ འབད་ཡོདཔ་ཨིན་པས།
བརྟག་ཞིབ་དེ་ནང་ བཅའ་མར་མངམ་སྦེ་གཏོགས་མི་དེ་ བུམ་ཐང་རྫོང་ཁག་ལས་ཐོན་ཡོདཔ་ད་ གྲལ་གཏོགས་འབད་མི་ ཉུང་ཤོས་ར་ ཐིམ་ཕུག་ཨིན་པས།
བརྟག་ཞིབ་ཀྱི་་གྲུབ་འབྲས་ལུ་ལྟཝ་ད་ བདེ་ཆེན་དབང་མོ་གིས་འབད་བ་ཅིན་ གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ ཕོ་སྐྱེས་ལུས་འབྲེལ་འབད་མི་ མོ་གིས་ ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་གི་ དཀའ་ངལ་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་ནི་དེ་གིས་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ སྟབས་མི་བདེ་བས་ཟེར་ཨིན་པས།
བརྟག་ཞིབ་དེ་ཡང་ སྤྱི་ལོ་༢༠༡༤ ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པི་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ནུག།
གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་བྱིན་མི་ བརྒྱ་ཆ་༤༧ གྱིས་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགས་པས་ཟེར་ སླབ་ཡོད་རུང་ བརྒྱ་ཆ་༣༠ གིས་ ཨ་ཙི་ཅིག་ སྟབས་བདེཝ་ཨིན་རུང་ བརྒྱ་ཆ་༡༦ གིས་ འབྲེལ་བ་འཐབ་ད་ སྟབས་ར་མི་བདེ་བས་ཟེར་སླབ་ནུག།
ད་རུང་ གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་སྤྲོད་མི་ བརྒྱ་ཆ་༨༠ གིས་ ཕོ་སྐྱེས་གཉིས་ལུས་འབྲེལ་འབད་མི་དང་ མོ་གིས་ ཕོ་བཟོ་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ ནདཔ་མ་འོངམ་ལས་ འབྲེལ་བ་འཐབ་དགོཔ་མ་བྱུང་ཟེར་ སླབ་ཡོད་རུང་ བརྒྱ་ཆ་༣ གྱིས་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་སྦེ་ཨིན་པས།
སྨན་གཡོགམོ་ལ་ལོ་ཅིག་གིས་ ཕོ་སྐྱེས་གཉིས་ ལུས་འབྲེལ་འབད་མི་ལུ་བརྟེན་ ཨུབ་དོང་ནང་ རྨ་སྐྱོན་རེ་ བྱུང་མི་ལུ་བརྟེན་ ནདཔ་ཐོན་ཏེ་ འོང་མི་དང་གཅིག་ཁར་ འབྲེལ་བ་འཐབ་ཡོད་རུང་ གཡང་ཟ་བག་ཟོན་བསྐྱེད་སྡོད་དེ་ ཁོང་གིས་དགོ་མི་ སྨན་བཅོས་བྱིན་མི་ཚུགས་པས་ཟེར་་ཨིན་པས།
དེ་འབདཝ་ལས་ མཚན་མ་གཅིག་འབད་མི་ གཅིག་གིས་གཅིག་ལུ་དགའ་མི་ ཕོ་གིས་ མོ་བཟོ་སྡོད་མི་དང་ མོ་གིས་ ཕོ་སྦེ་བཟོ་སྡོད་མིའི་ལས་སྡེ་ ཨེལ་བི་ཇི་ཊི་ཨའི་གིས་ གནད་དོན་དེ་གི་སྐོར་ལས་ གོ་བརྡ་སྤྲོད་དེ་ མི་ཚུ་གིས་ ཧ་གོ་དགོཔ་བཟོ་ནི་དང་ གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་སྤྲོད་ནིའི་ཐད་ལས་འབད་རུང་ སྦྱོང་བརྡར་བྱིན་ཏེ་ སྟབས་བདེ་ཏོག་ཏོ་ བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཕོ་སྐྱེས་གཉིས་ འཁྲིག་སྤྱོད་འབད་དེ་སྡོད་མི་ མང་ཤོས་ཅིག་གིས་ ཁོང་དེ་བཟུམ་འབད་དོ་ཡོད་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་ཕར་བཞག་ ཁོང་ར་ ཆ་རོགས་གཅིག་གིས་གཅིག་ལུ་ཡང་ སླབ་མ་ཚུགས་པར་ སྡོད་དོ་ཡོདཔ་ད་ དེ་ཡང་ མི་སྡེ་ནང་ ཉེ་རིང་ཕྱེ་སྟེ་བཞག་མི་དང་ བརྙས་བཅོས་ དམའ་ཕབ་རྐྱབ་འོང་ཟེར་འདྲོག་སྟེ་ ཕྱི་ཁར་ཐོན་མ་ཚུགས་པར་ སྡོད་དོ་ཡོདཔ་ཨིན་པས།
ཕོ་མོ་གང་རུང་ མཚན་མ་གཅིག་ལུ་དགའ་མི་ ཨེལ་བི་ཇི་ཊི་ཨའི་གི་འཐུས་མི་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་རའི་སྐོར་ལས་ གཞན་ལུ་སླབ་མ་ཚུགས་པར་ སེམས་ཁམས་ཀྱི་ ནད་གཞི་ཚུ་ཐོབ་སྟེ་ རང་སྲོག་བཅད་མི་ཡང་ དག་པ་ཅིག་ཡོད་མི་ལུ་བརྟེན་ ཨེལ་བི་ཇི་ཊི་ཨའི་དང་ ནད་གཞི་ཨེཆ་ཨའེ་བི་ཐོབ་སྟེ་ཡོད་མི་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་སྟེ་ འབྲེལ་བ་འཐབ་དགོཔ་དེ་ ཁག་ཆེ་ཟེར་་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *