༉ ཕུན་ཚོགས་གླིང་རྒེད་འོག་གི་ གླིང་ལྡན་སྤྱི་འོག་དོན་ལས་ འཆར་གཞི་༡༢ པའི་ནང་ གཞི་རྟེན་སྨན་ཁང་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ དེའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ བརྟག་ཞིབ་འབད་ནི་ཨིན་པས།
སྤྱི་འོག་ནང་ ཁྱིམ་གུང་པ་༡༨༠ ལྷགཔ་ཅིག་དང་ མི་རློབས་༡༦༠༠ དེ་ཅིག་ཡོདཔ་ད་ སྤྱི་འོག་དེ་ནང་ སྨན་ཁང་མེདཔ་ལས་ ཕུན་ཚོགས་གླིང་སྨན་ཁང་ནང་ལས་ འགྱོ་དགོཔ་ཐོནམ་བཞིན་དུ་ གློ་བུར་གྱི་ དཀའ་ངལ་བྱུང་བའི་སྐབས་ ནདཔ་ཚུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ ཞུ་མིའི་ནང་ སྤྱི་འོག་གི་དོན་ལུ་ གཞི་རྟེན་སྨན་ཁང་ཅིག་ ངེས་བདེན་དགོཔ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ རྐྱབ་ནི་ཨིན་ཟེར་ཨིན་པས།
དེ་ལས་ ཐིམ་ཕུག་བདེ་ཆེན་ཆོས་གླིང་གི་ གཞི་རྟེན་སྨན་ཁང་དེ་ སྐུ་སྲུང་དམག་སྡེའི་ས་ཁོངས་ནང་ལས་ ཕྱི་ཁར་བཏོན་ནི་ཨིནམ་ད་ ད་རེས་ སྨན་ཁང་དེ་ དམག་སྡེའི་ས་ཁོངས་ནང་འབདཝ་ལས་ གསོ་བའི་ཞབས་ཏོག་ལེན་པའི་སྐབས་ བྱ་སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིན་པས།
བྱང་ཐིམ་ཕུག་གི་འཐུས་མི་ ཚེ་རིང་གིས་ ཞུ་མིའི་ནང་ སྨན་ཁང་དེ་ དམག་སྡེའི་ས་ཁོངས་ནང་ འབད་ནི་དེ་གིས་ ཞབས་ཏོག་ལེན་པར་འོང་མི་ཚུ་ དམག་མིའི་སྒྲིག་ལུ་ གནས་དགོཔ་མ་ཚད་ མི་ཚུ་ གླ་འཁོར་ཐོག་ལས་ གསོ་བའི་ཞབས་ཏོག་ལེན་པར་ འོང་བའི་སྐབས་ བྱ་སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིནམ་ད་ དེའི་ལན་ལུ་ གསོ་བའི་བློན་པོ་གིས་འབད་བ་ཅིན་ གཞུང་གིས་ ངོས་འཛིན་འབད་མི་ ས་ཆ་ཨེ་ཀེར་༣ ལྷགཔ་ཅིག་ནང་ གཞི་རྟེན་སྨན་ཁང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སྤྱི་ལོ་༡༩༦༤ ལུ་ གཞི་བཙུགས་འབད་མི་ གཞི་རྟེན་སྨན་ཁང་དེ་གིས་ མི་རློབས་༨,༠༠༠ དེ་ཅིག་ལུ་ ཞབས་ཏོག་བྱིན་ཚུགས་པའི་ འོས་འབབ་ཡོད་རུང་ ད་རེས་ མི་རློབས་ཡར་སེར་འགྱོ་ནི་དེ་གིས་ རྟ་བབ་དང་ བདེ་ཆེན་གླིང་ དཀར་སྦིས་ས་ རྟ་མགོ་ དེ་ལས་ ལྕགས་རི་གི་ ས་གནས་ཚུ་ལས་ གསོ་བའི་ཞབས་ཏོག་ལེན་པར་འོང་པའི་སྐབས་ ལས་བྱེདཔ་༢༠ དེ་ཅིག་ཡོད་མི་དེ་གིས་ ཞབས་ཏོག་ཁྱབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
སྨན་ཁང་གསརཔ་དེ་ དམག་སྡེའི་ཕྱི་ཁར་ རྐྱབ་ནི་ཨིནམ་ལས་ དེ་གིས་ དམག་སྡེའི་སྒྲིག་ལུ་ གནས་དགོཔ་མི་འཐོན་ནི་ཨིནམ་མ་ཚད་ ནདཔ་ཚུ་ལུ་ཡང་ ཞབས་ཏོག་ལེགས་ཤོམ་སྦེ་ བྱིན་ཚུགས་ནི་ཨིན་པས།
དེ་ལས་ སྤ་རོ་ རྡོ་སྒར་རྒེད་འོག་ནང་ཡོད་པའི་ གཞི་རྟེན་སྨན་ཁང་ སྡེ་རིམ་༢ པ་དེ་ སྡེ་རིམ་དང་པ་ལུ་ ཡར་སེང་འབད་མི་འབད་ཀྱི་ བརྟག་ཞིབ་འབད་ནི་ཨིནམ་ད་ གསོ་བའི་བློན་པོ་གིས་འབད་བ་ཅིན་ སྨན་ཁང་དེ་ སྡེ་རིམ་དང་པ་ལུ་ ཡར་སེང་འབད་དགོ་པ་ཅིན་ མི་རློབས་མངམ་དགོཔ་ལས་ ཧེ་མ་ར་ མི་རློབས་བརྟག་ཞིབ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།