༉ གསོ་བའི་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་བརྒྱུད་དེ་ ལྷན་རྒྱས་གཞུང་ཚོགས་ནང་ གསོ་བའི་མཁས་མཆོག་བདག་སྲུང་སྲིད་བྱུས་ཀྱི་ གྲོས་འབུལ་ཕུལ་ཡོདཔ་ལས་ འཕྲལ་མགྱོགས་ར་ ལན་གསལ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་ཅི།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ གསོ་བའི་ལྷན་ཁག་ལུ་ གསོ་བའི་མཁས་མཆོག་བདག་སྲུང་གི་ གྲོས་འདེབས་དེ་གུ་ ལཱ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྨན་ཁང་གི་མཁས་མཆོག་དང་ གསོ་བའི་ལྷན་ཁག་གི་ མི་སྟོབས་འགོ་དཔོན་ཚུ་གི་ ཚོགས་ཆུང་ཅིག་ འཚོགས་ཞིནམ་ལས་ གྲོས་འདེབས་གྲ་སྒྲིག་འབད་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཆ་འཇོག་འབད་མི་དེ་ གཞུང་ལུ་ རྒྱབ་སྐྱོར་གྱི་དོན་ལས་ བཙུགས་ཡོདཔ་ཨིན་པས།
དྲུང་ཆེན་ཨྱོན་རྡོ་ཕུག་གིས་འབད་བ་ཅིན་ སྲིད་བྱུས་དེ་ཡང་ བཀའ་རྒྱ་དང་འཁྲིལ་ཏེ་ བརྩམས་ཡོདཔ་ད་ དེ་ཡང་ ཤེས་ཡོན་ཅན་གྱི་ མཁས་མཆོག་ཚུ་ རང་སོའི་དཀའ་ངལ་དང་ ཁེ་ཕན་ལུ་བལྟ་སྟེ་ གཞུང་གི་ ལཱ་གཡོག་བཤོལ་བཞགཐོག་ལས་ འགྱོ་ནི་དེ་གིས་ཨིན་ཟེར་བཤད་ཅི།
ཌོག་ཌར་ཨྱོན་རྡོ་ཕུག་གིས་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ གསོ་བའི་ལྷན་ཁག་གིས་ བཟོ་ཡོད་མི་ གྲོས་འདེབས་དེ་ བཙུགས་ཡོདཔ་ད་ གྲོས་འདེབས་བཟོ་བའི་སྐབས་ལུ་ཡང་ ལྷན་ཚོགས་ཀྱི་ ལམ་སྟོན་དང་འཁྲིལ་ཏེ་ར་ འབད་ཡི་ཟེར་ཨིན་པས།
དྲུང་ཆེན་གྱིས་ དེ་རེས་ཀྱི་ ཟླཝ་འགོ་བཙུགས་པའི་སྐབས་ བློན་ཆེན་ལུ་ གསོ་བའི་མཁས་མཆོག་བདག་སྲུང་གི་ གྲོས་འདེབས་སྐོར་ལས་ དྲག་གསོའི་ ཞུ་ཡིག་ཅིག་ཡང་ བཙུགས་ནུག།
གཙོ་བསྟེན་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ གྲོས་འདེབས་བཙུགས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་གི་ གསོ་བའི་མཁས་མཆོག་ དྲག་ཤོས་ཚུ་ གསོ་བའི་ལམ་ལུགས་ནང་ར་ བཞག་ཐབས་ལུ་ ཨིན་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ གསོ་བའི་མཁས་མཆོག་ ལེ་ཤ་ཅིག་གིས་ དགོངས་ཞུ་འབད་ཡོདཔ་ད་ ད་རེས་ནངས་པ་འབད་རུང་ ལ་ལོ་ཅིག་གིས་ དགོངས་ཞུ་ཡི་གུ་བཙུགས་ཏེ་ཡོདཔ་ལས་ གསོ་བའི་མཁས་མཆོག་ཚུ་ བདག་འཛིན་མ་འཐབ་པ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ གསོ་བའི་ལས་སྡེ་ལུ་ ཐོ་ཕོག་ནིའི་ཉེན་ཁ་འདུག་ཟེར་ གསོ་བའི་འགོ་དཔོན་གྱིས་ བཤད་ཅི།
འདས་པའི་ལོ་༥ ནང་ གསོ་བའི་ལས་སྡེ་ལས་ གསོ་བའི་མཁས་མཆོག་༥ གིས་ དགོངས་ཞུ་འབད་ཡོདཔ་ད་ གཅིག་གིས་ཁོ་རའི་གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་ཡོདཔ་བཞིན་དུ་ ད་ལྟོ་རྒྱལ་ཁབ་ནང་ གསོ་བའི་མཁས་མཆོག་བསྡོམས་༨༥ ཡོདཔ་ཨིན།
གསོ་བའི་འགོ་དཔོན་དེ་གིས་འབད་བ་ཅིན་ ཌོག་ཊར་མང་ཤོས་ཅིག་གིས་ དངུལ་ཕོགས་ཀྱི་ ཁེ་ཕན་ལུ་བལྟ་སྟེ་ དགོངས་ཞུ་འབད་ཞིནམ་ལས་ ཕྱིའི་རྒྱལ་ཁབ་ མཱལ་དིབསི་དང་ ཨཱཕ་རི་ཀ་ སིངྒ་པུར་ དེ་ལས་ ཨཱསི་ཊེ་ལི་ཡ་ལུ་ འགྱོཝ་མས་ཟེར་ཨིན་པས།
གསོ་བའི་མཁས་མཆོག་བདག་སྲུང་གི་ སྲིད་བྱུས་དེ་ནང་ དོན་ཚན་ལེ་ཤ་ཡོད་པའི་གྲས་ལས་གཅིག་ ཁོང་ལུ་ འཐུས་སྤྲོད་ནི་དེ་ཨིན་པས།
ད་ལྟོ་གཞུང་གིས་ མཁས་མཆོག་ཚུ་གིས་ ལཱ་ག་དེ་སྦེ་འབད་རུང་ འཐུས་བརྒྱ་ཆ་༤༠ ལས་བརྒལ་ མི་སྤྲོད་དོ་ཡོདཔ་ད་ དེ་གིས་ ལཱ་མངམ་འབད་མི་ མཁས་མཆོག་ཚུ་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ཨིན་པས།
མཁས་མཆོག་ལ་ལོ་ཅིག་གིས་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ ལཱ་འབད་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ དྲོ་པའི་ཆུ་ཚོད་༩ ལས་ འགོ་བཙུགས་ཏེ་ ནུབམོ་གཅིག་ར་ ལཱ་འབད་མི་ཡང་ཡོད་ཟེར་ འགོ་དཔོན་དེ་གིས་ སླབ་ཨིན་པས།
ཚོགས་ཆུང་དེ་གིས་ ལཱ་གི་དུས་ཚོད་མེན་པའི་ གནས་སྐབས་ནང་ ལཱ་འབད་བའི་སྐབས་ མཁས་མཆོག་དེ་གིས་ དུས་ཡུན་ཆུ་ཚོད་རེ་ལུ་ དངུལ་ཀྲམ་༤༠༠ ལས་༥༠༠ རེ་ སྤྲོད་ནི་སྦེ་ གྲོས་འདེབས་ཕུལ་ནུག།
ད་ལྟོ་ རྒྱལ་ཁབ་ནང་ རྩྭ་ཁམས་མཁས་མཆོག་ ཌོག་ཊར་ བཀྲིས་བསྟན་འཛིན་རྐྱངམ་གཅིག་ལས་མེདཔ་ད་ ཁོ་གིས་ རྒྱལ་ཁབ་ནང་ རྩ་ཁམས་དང་འབྲེལ་བའི་ ནདཔ་ཚུ་གི་ གཤག་བཅོས་ཚུ་ ཁོ་གིས་འབད་དོ་ཡོདཔ་ལས་ ག་དེམ་ཅིག་སྦེ་ ཁོ་གིས་གསོ་བའི་ལས་སྡེ་ནང་ལས་ དགོངས་ཞུ་འབད་བ་ཅིན་ ལཱ་ཁག་རྐྱབ་ནི་ཨིན་པས།
རྒྱལ་ཁབ་ནང་ མཁས་མཆོག་ཚུ་ཡོད་པ་ཅིན་ ཕྱིའི་རྒྱལ་ཁབ་ནང་ སྨན་བཅོས་ཀྱི་དོན་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢༠༠ དེ་རེ་ ཟད་འགྲོ་གཏང་མ་དགོ་པའི་ ཕན་ཁྱད་འབྱུང་ནི་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།