གསོ་བའི་བསླབ་བྱ་ལག་ལེན་ཐོག་ རྒྱབ་སྐྱོར་འབད་དགོཔ།

༉ ཐིམ་ཕུག་ཁྲོམ་སྡེ་དང་ མཐའ་སྐོར་གྱི་ ས་གནས་ཚུ་ནང་ འགྲོ་འགྲུལ་བཀག་དམ་འབད་དེ་ ད་རིས་ ཉིནམ་གསུམ་འགྱོཝ་བཞིན་དུ་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་འཚུབས་དང་འཁྲིལ་བ་ཅིན་ འགྲུལ་སྐྱོད་ཡངས་སུ་བཟོ་ནིའི་ འོས་འབབ་མི་མཐོངམ་མས།

ག་འཆརཔ་ཟེར་བ་ཅིན་ འདས་པའི་ཉིན་གྲངས་༢ ཀྱི་ ནང་འཁོད་ལུ་ར་ ཀོ་བིཌ་-༡༩ ཐོབ་མི་ མི་གྲངས་༢༡ བདའ་ཟུན་མི་དེ་ སྤྱི་ཟླ་༣ པ་ལས་ཚུར་ ད་ཚུན་གྱི་བར་ན་ གྱངས་ཁ་མཐོ་ཤོས་ཅིག་དང་ ཐིམ་ཕུག་ལུ་ མི་སྡེའི་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་མི་ འགོ་དང་པ་འབདཝ་ལས་ ནད་གཞིའི་ཐོབ་མིའི་གྱངས་ཁ་ ལྷག་པར་དུ་ ཡར་སེང་འགྱོ་ནི་བཟུམ་འདུག།

དེ་གི་ནང་དོན་ཉིད་ལས་ ཐིམ་ཕུག་ལུ་ ནད་འབུབ་ཐོབ་མི་ མང་ཤོས་ར་ ཐིམ་ཁྲོམ་གོང་མའི་ ས་ཁོངས་ནང་ཨིནམ་ལས་ ཁ་ཙ་ གཞུང་གིས་ ཆུ་བར་ཆུ་ས་ཁོངས་དེ་ ནད་ཡམས་ཀྱི་ ཉེན་འཚུབས་ཆེ་བའི་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ་སྦེ་ གསོ་བ་བློན་པོ་གིས་ གསལ་བསྒྲགས་འབད་ཡི།

ད་ལྟོ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་པའི་ཁར་ བདའ་ཟུན་མི་ཚུ་ ཀོ་བིཌ་-༡༩ འི་ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབད་བཞིན་དུ་ཡོདཔ་ལས་ ནད་ཡམས་ཐོབ་མི་མང་སུ་ འཐོན་ནི་ཨིན་མས།

དེ་འབདཝ་ལས་ ང་བཅས་ཚ་གྱང་ལང་དགོཔ་དང་ འདྲོག་བྱེལ་འཐབ་དགོ་པའི་ གཞི་ཁུངས་སྦོམ་ཡོད་མི་དེ་ཡང་ ནད་ཡམས་ལུ་ སྨན་ཁབ་ཐོན་ཡོད་རུང་ འབྲུག་རྒྱལ་ཁབ་ནང་ ལྷོད་ཚུགས་ཚུགས་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ དེ་གི་བར་ན་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ཡར་སེང་འགྱོ་ནི་ཨིན་པའི་ སྔོན་བཤད་འབད་མི་ཡང་འདུག།

གཅིག་ལས་བལྟ་བ་ཅིན་ འབྲུག་མི་ཚུ་ འགྲུལ་སྐྱོད་བཀག་དམ་ལུ་ གྲ་སྒྲིག་འབད་དེ་ སྡོད་ཡོད་པ་ཅིན་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་དགོཔ་ཅིག་མེདཔ་མ་ཚད་ གཞུང་གི་ཁ་ཐུག་ལས་འབད་རུང་ ང་བཅས་ར་ ནད་ཡམས་ཀྱི་ གནས་སྟངས་ནང་ཨིནམ་ལས་ དུས་ཚོད་ནམ་ཨིན་རུང་ རྒྱལ་ཁབ་སྒོ་བསྡམ་ནི་ ཡང་ཅིན་ འགྲུལ་བཀག་འབད་འོང་ཟེར་ དྲན་གསལ་ཡང་ལས་ཡང་དུ་ འབད་བཞིན་དུ་ཡོདཔ་ཨིན།

ཨིན་རུང་ མི་ཚུ་གིས་ ནད་ཡམས་ཀྱི་ སྔོན་འགོག་ཐབས་ལམ་ཚུ་ལུ་ མ་གུས་པར་ འཛོམས་འདུ་རུག་རུ་དང་ མི་སྤུངས་འཛོམས་འབད་སར་ གཡང་ཟག་བག་ཟོན་མེད་པར་ འབྲེལ་གཏོགས་འབད་མི་ལུ་བརྟེན་ ད་རེས་ ནད་ཡམས་ཀྱི་ གནས་སྟངས་ཚབས་ཆེན་ཅིག་ནང་ལྷོད་དེ་ཡོད།

ནད་ཡམས་དེ་ མི་སྡེའི་ནང་ ལྷག་པར་དུ་ འཕྱལ་འགྱོ་མ་བཅུག་པར་ བཞག་དགོ་པ་ཅིན་ གཞུང་རྐྱངམ་གཅིག་གིས་ གླགས་ཁེལ་མི་ཚུགས་ནི་ཨིནམ་ལས་ སྤྱི་རུབ་ཀྱི་ འབད་རྩོལ་དགོ།

འབྲུག་ལུ་ ནད་ཡམས་ཐོན་པའི་ཉིནམ་ལས་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་ལམ་སྟོན་བཟང་པོའི་ཐོག་ལས་ འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་མེན་པར་ འབྲུག་མི་ཕུད་རྡོག་གཅིག་ལུ་ར་ ཤི་རྐྱེན་འབྱུང་མི་བཅུག་ནིའི་དོན་ལུ་ ནད་ཡམས་སྔོན་འགོག་གི་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ ལག་ལེན་འཐབ་པའི་ ནམ་དུས་ལུ་ ང་བཅས་ཀྱི་ ཁ་ཐུག་ལས་ མཉམ་འབྲེལ་དང་ རྒྱབ་སྐྱོར་གང་དྲག་ཕུལ་དགོཔ་ཨིན།

རྒྱབ་སྐྱོར་ཟེརཝ་ད་ རང་ལུ་ ཚ་རིམས་དང་ མགུ་ཏོ་ན་ནི་ དེ་ལས་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ ཕར་ཚུར་སོང་ཡོད་པ་ཅིན་ ཚ་རིམས་སྨན་བཅོས་ཁང་ནང་ འགྱོ་ཐོག་ལས་ བརྟག་དཔྱད་འབད་དགོཔ་མ་ཚད་ ནམ་ར་ཨིན་རུང་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་ཆུ་འཁྱུ་ནི་ལ་སོགས་པ་ སེམས་ལས་བརྗེད་ནི་མི་འོང་།

ང་བཅས་ཀྱིས་ ཚོད་མཐོང་མ་ཚུགས་པའི་ ནད་ཡམས་ལུ་ འདྲོག་འཇིགས་དང་ འཚེར་སྣང་མ་བསྐྱེད་པ་ཅིན་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ མི་སྟོང་ཕྲག་ཁྲི་ཕྲག་སྦེ་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་ཨིན།

ད་ལྟོའི་གནས་སྟངས་ནང་ ནད་ཡམས་ལུ་ སྨན་བཅོས་ཟེར་རུང་ གསོ་བའི་བསླབ་བྱ་དང་ སྒྲིག་གཞི་ཚུ་ཨིནམ་ལས་ དེ་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་པ་ཅིན་ ཀོ་བིཌ་-༡༩ དེ་ དམ་འཛིན་འབད་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *