གསོ་བའི་བརྟག་དཔྱད་ཁང་ མ་ལང་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་སྨན་ཁང་ནང་ ནདཔ་གི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོདཔ་བཞིན་དུ་ སྨན་ཁང་ནང་ ལཱ་འབད་མི་ གསོ་བའི་འགོ་དཔོན་ཚུ་གི་དོན་ལུ་ གསོ་བའི་བརྟག་དཔྱད་ཁང་ མ་ལང་པའི་དཀའ་ངལ་ཡོདཔ་ཨིན་པས།
སྨན་ཁང་གི་ གསོ་བའི་འགོ་དཔོན་ ཌོག་ཊར་ཨྱོན་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ སྨན་ཁང་དེ་ནང་ གསོ་བའི་བརྟག་དཔྱད་ཁང་༧ ལས་བརྒལ་ མེད་མི་ལུ་བརྟེན་ བརྟག་དཔྱད་ཁང་ལ་ལོ་ཅིག་ནང་ གསོ་བའི་འགོ་དཔོན་༢ དེ་རེ་བཞག་སྟེ་ ཡོད་ཟེར་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ ཁང་མིག་མ་ལང་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཌོག་ཊར་གྱི་ ཡིག་ཚང་དང་ བརྟག་དཔྱད་ཁང་༢ གཅིག་ཁར་སྦེ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ ཁང་མིག་༧ ཡོད་མི་དེ་ཡང་ སྨན་གཡོགམོ་ཚུ་གི་དོན་ལུ་དང་ མཛོད་ཁང་ ནདཔ་བཞག་ས་ ཨ་ལོ་སྐྱེ་ས་ དེ་ལས་ ཌོག་ཊར་དང་ གསོ་བའི་འགོ་དཔོན་ཚུ་གི་ ཁང་མིག་ལ་སོགས་པ་ཚུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མིག་ནད་དང་ སྨན་བཅོས་འགོ་དཔོན་༢ བསྡོམས་ཏེ་ ཁང་མིག་༡ དང་ ཁྲག་བརྟག་དཔྱད་ཁང་དང་ ཚད་ནད་ཀྱི་དོན་ལུ་ ཁང་མིག་༡ ནང་ བཞག་སྟེ་ཡོདཔ་ལས་ འཕྲལ་འཕྲལ་ནདཔ་ཚུ་ལུ་ བརྟག་དཔྱད་འབད་བའི་སྐབས་ སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ ཧེ་མ་ལས་ ཌོག་ཊར་གྱི་དོན་ལུ་ ཁང་མིག་མ་ལང་པའི་ དཀའ་ངལ་ཡོད་པའི་ཁར་ ད་རུང་ ཌོག་ཊར་གསརཔ་ཅིག་ ལྷོད་དོ་ཡོདཔ་ལས་ ཧེང་སྐལ་ར་ དཀའ་ངལ་འཐོན་ནི་མས་ཟེར་ཨིནམ་ད་ སྡེ་རིམ་དང་པའི་ སྨན་ཁང་ཚུ་ནང་ ནདཔ་བཞག་སའི་ ཁང་མིག་དེ་ ནདཔ་༡༠ གྱི་ ཤོང་ཚད་ཨིནམ་བཞིན་དུ་ དེ་དང་འཁྲིལ་ཡོད་རུང་ ས་གོ་དོག་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་རྒན་ཤོས་ཚུ་གིས་ ཕྱི་པའི་སྨན་བཅོས་འབད་ལས་ མང་ཤོས་ནང་པའི་ སྨན་བཅོས་དེ་ བསྟེན་དོ་ཡོདཔ་བཞིན་དུ་ སྨན་ཁང་དེ་ནང་ ཁང་མིག་གཞན་མེད་མི་ལུ་བརྟེན་ ནང་པའི་སྨན་བཅོས་ཁང་དེ་ ད་ལྟོ་ སྨན་ཁང་གི་ཕྱི་ཁར་ ཁང་མིག་ཆུང་ཀུ་ཅིག་ཡོད་མིའི་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
སྨན་ཁང་དེ་ནང་ ལོ་བསྟར་བཞིན་དུ་ ནདཔ་གི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོདཔ་ད་ ད་ལྟོ་ ཌོག་ཊར་དང་ མིག་ནད་བརྟག་དཔྱད་ཁང་ ནང་པའི་སྨན་བཅོས་ཁང་ གློག་པར་དང་ ཨཱལ་ཊ་ས་འུནཌ་ དེ་ལས་ ཌོག་ཊར་གསརཔ་གི་དོན་ལུ་ ཁང་མིག་དགོཔ་ཡོད་ཟེར་ ཌོག་ཊར་ཨྱོན་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
གནད་དོན་དེ་ ཕུན་ཚོགས་ཐང་རྒེད་འོག་ཚོགས་སྡེའི་ནང་ སྙན་ཞུ་འབད་ཡི་ཟེར་ཨིནམ་མ་ཚད་ ཧེ་མར་ རྫོང་ཁག་ཚོགས་འདུ་ནང་ཡང་ གསུང་གྲོས་གནང་ནུག་ཟེར་ཨིནམ་ད་ རྒེད་འོག་༤ གི་ རྒཔོ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བསམ་གྲུབ་ཆོས་གླིང་དྲུང་ཁག་འོག་གི་ རྒེད་འོག་ལ་ལོ་ཅིག་གི་ གཞི་རྟེན་སྨན་ཁང་ཚུ་ དྲུང་ཁག་གི་ སྨན་ཁང་ལས་སྦོམ་ རྐྱབ་སྟེ་ཡོདཔ་ལས་ སྨན་ཁང་དེ་གི་དོན་ལུ་ བཟོ་བཀོད་གསརཔ་དང་ ཡང་ཅིན་ སྨན་ཁང་གི་ཕྱི་ཁར་ ཁང་མིག་ལོགས་སུ་སྦེ་ བཟོ་གནང་དགོཔ་ཡོད་ཟེར་ཨིན་པས།
གནས་ཚུལ་བྱིན་མི་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་ ཧེ་མ་ལས་ར་ ཡོད་ཟེར་ཨིནམ་ད་ རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ འཆར་ལོ་ནང་ ཚུད་དེ་ཡོདཔ་ལས་ ད་ལྟོ་ འཆར་གཞི་ཚུ་ལུ་ གྲོས་བསྟུན་འབད་དེ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *