ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ རྩི་རང་འགྲམ་ཕུག་སྨན་ཁང་གསརཔ།

གསོ་བ་ལྷན་ཁག་གིས་ རྩི་རང་སྨན་ཁང་ གནང་བ་གྲུབ་པའི་ བཟོ་བཀོད་དང་བསྟུན་ རྐྱབ་ཡོད་པའི་ཁུངས་གསལ།

༉ རྩི་རང་འགྲམ་ཕུག་སྨན་ཁང་དེ་ བཟོ་བཀོད་ཀྱི་ གནང་བ་གྲུབ་མི་དང་འཁྲིལ་ཏེ་ རྐྱབ་ཡོདཔ་མ་ཚད་ དེ་ནང་ ཉལ་ཁྲི་བསྡོམས་༤༠ འོང་ཟེར་ གསོ་བ་ལྷན་ཁག་གིས་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ནོ་བིན་དར་ལ་མི་ལུ་ ཡིག་ཐོག་ལས་ ལན་གསལ་འབད་ནུག།
སྤྱི་ཚོགས་ཀྱི་ འཐུས་མི་གིས་ གསོ་བའི་བློན་པོ་ལུ་ རྩི་རང་གི་སྨན་ཁང་ བཟོ་སྐྲུན་འབད་ནི་ མཇུག་བསྡུ་ཞིནམ་ལས་ དེ་ནང་ཉལ་ཁྲི་ག་དེམ་ཅིག་ འོང་ནི་ཨིན་ནའི་ རྩོད་རྙོགས་ཐོན་མིའི་ཐད་ལུ་ ཡིག་ཐོག་གི་ ལན་གསལ་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩི་རང་སྨན་ཁང་ལུ་ ཉལ་ཁྲི་༢༠ ལས་ལྷག་མིན་འདུག་ཟེར་ རྩིས་ཞིབ་སྙན་ཞུ་ནང་ བཀོད་ཡོདཔ་ད་ དབང་འཛིན་གྱིས་ གནང་བ་གྲུབ་མི་དང་འཁྲིལཝ་ད་ སྨན་ཁང་དེ་ལུ་ ཉལ་ཁྲི་༤༠ འོང་དགོཔ་ཨིན་རུང་ ཉལ་ཁྲི་ཕྱེད་ཀ་ མར་ཕབ་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ལྷན་ཁག་ལུ་ ཁུངས་སྐྱེལ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ལྷན་ཁག་གིས་ སྤྱི་ཚོགས་ཀྱི་ འཐུས་མི་ལུ་ ལན་གསལ་ཡིག་ཐོག་ལུ་ བཀོད་མིའི་ནང་ ཉལ་ཁྲི་༤༠ ཟེར་སླབ་ད་ སྨན་ཁང་ནང་ཡོད་མི་ སྡེ་ཕྲན་ག་ར་ ཚུདཔ་ཨིན་ཟེར་ཨིནམ་ད་ དེ་ཡང་ ཉལ་ཁྲི་༤༠ གི་གྲངས་སུ་ སྤྱིར་བཏང་ནདཔ་བཞག་ཁང་ནང་ ཉལ་ཁྲི་༢༡ དང་ གློ་བུར་སྡེ་ཕྲན་ནང་ ཉལ་ཁྲི་༩ ཟུར་གནས་སྡེ་ཕྲན་ནང་ ཉལ་ཁྲི་༢ ཟུར་ཤག་ནང་ ཉལ་ཁྲི་༤ ཚབས་ཆེན་སྡེ་ཕྲན་ནང་ ཉལ་ཁྲི་༣ དེ་ལས་ གཤག་བཅོས་སྡེ་ཕྲན་ནང་༡ ཚུདཔ་ཨིན་ཟེར་བཀོད་ནུག།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ མིང་རྟགས་བཀོད་མི་ ལན་གསལ་ཡི་གུ་དེ་ནང་ འགྲམ་ཕུག་སྨན་ཁང་ བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༢༠༡༥ ཟླ་༥ པའི་ནང་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༨ ཟླ་༥ པའི་ནང་ མཇུག་བསྡུ་ཡི་ཟེར་བཀོད་ནུག།
ཨིན་རུང་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སྨན་ཁང་གི་ བཟོ་སྐྲུན་ལཱ་ཚུ་ མཇུག་མ་བསྡུ་བར་ འབད་བཞིན་དུ་ཡོདཔ་ལས་ མཇུག་བསྡུ་ཚུགས་ཚུགས་ལུ་ ཡུན་རིངམོ་སྦེ་ འགོར་ནི་བཟུམ་ཅིག་ཡོདཔ་ཨིན་པས།
མ་གཞི་ ལཱ་གི་ཞག་དུས་དང་འཁྲིལ་བ་ཅིན་ དུས་ཅི་སྤྱི་ཟླ་༥ པའི་ནང་ ཚར་དགོཔ་ཨིན་རུང་ ཁག་འབགཔ་གིས་ དུས་ཐེབས་དགོ་པའི་ ཞུ་བ་འབད་ཡོདཔ་ལས་ ད་རེས་ཀྱི་ ཟླ་མཇུག་ཚུན་ཚོད་ ཞག་དུས་ཕར་འཕུད་རྐྱབ་བྱིན་ཡོདཔ་ཨིན་པས།
ལྷན་ཁག་གི་ ལན་གསལ་དང་འཁྲིལཝ་ད་ བཟོ་བཀོད་ཀྱི་ལཱ་དང་ འཆར་གཞི་ཚུ་ སྤྱི་ལོ་༢༠༠༩ ལུ་ འགོ་བཙུགས་པའི་སྐབས་ འགྲམ་ཕུག་སྨན་ཁང་དེ་ ཉལ་ཁྲི་༢༠ སྦེ་ བཟོ་སྐྲུན་འབད་ནི་སྦེ་ཨིན་རུང་ མཁས་མཆོག་མང་རབས་ཅིག་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལུ་ ཉལ་ཁྲི་༤༠ ལུ་ ཡར་སེང་འབད་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ ཕུལ་ཡོད་མི་ བཟོ་བཀོད་དང་ མ་དངུལ་གྱི་ གནང་བ་ཐོབ་མི་དང་འཁྲིལ་ཏེ་ བཟོ་སྐྲུན་འབད་ཡོདཔ་སྦེ་ ལྷན་ཁག་གིས་ གསལ་བཀོད་འབད་ནུག།
སྨན་ཁང་གི་ ཉལ་ཁྲི་དེ་ འགོ་ཐོག་གི་ འཆར་གཞི་ལས་༤༠ ལུ་ ཡར་སེང་འབད་མི་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ གསོ་བ་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ཟླ་༢ པའི་ཚས་༢ ལུ་ རྒྱབ་སྣོན་ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ གཞུང་གིས་ རྒྱ་གར་གཞུང་གི་ ལས་འགུལ་གྲོགས་ལམ་ཐོག་ལུ་ དངུལ་ཀྲམ་ས་ཡ་༢༥༤ སྐལ་བཞག་གནང་ཡི་ཟེར་ཨིན་པས།
སྨན་ཁང་དེ་ནང་ མཐུན་རྐྱེན་ཐེབས་ སྨན་གྱི་མཛོད་ཁང་ཅིག་དང་ གོ་ལ་འཁྱུ་ཁང་དང་སྐམ་ས་ རོ་ཁང་ དེ་ལས་ ཕྱགས་སྙིགས་ཕྱི་སེལ་སྡ་ཕྲན་ལ་སོགས་པ་ཚུ་ཡོད་ཟེར་བཀོད་ནུག།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བཟོ་སྐྲུན་ལཱ་ཚུ་ལུ་ རྩིས་ཞིབ་འབད་བའི་སྐབས་ བཟོ་བཀོད་ལུ་ བལྟ་ཞིནམ་ལས་ དབྱེ་བ་ཕྱེ་ཡོད་མི་དེ་ཡང་ བསམ་རྩེ་ལུ་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་བཟོ་སྐྲུན་གྱི་དོན་ལུ་ སྔོན་རྩིས་ཟད་འགྲོ་ དངུལ་དངུལ་ཀྲམ་ས་ཡ་༡༩༩.༦༩ བཏོན་ཡོད་རུང་ དངུལ་ཀྲམ་ས་ཡ་༢༢༦.༤༤༦ སྦེ་ རིན་བསྡུར་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ཉལ་ཁྲི་༢༠ འབད་མི་ རྩི་རང་སྨན་ཁང་གི་དོན་ལུ་ སྔོན་རྩིས་ཟད་འགྲོ་ དངུལ་ཀྲམ་ས་ཡ་༢༢༨.༧༦༨ བཏོན་ཡོད་རུང་ རིན་བསྡུར་དེ་ དངུལ་ཀྲམ་ས་ཡ་༢༢༥.༦༡༡ སྦེ་འབད་ཐོག་ལས་ ཁག་འབགཔ་ལུ་ སྤྲོད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཉལ་ཁྲི་༢༠ འབད་མི་ རྩི་རང་སྨན་ཁང་བཟོ་སྐྲུན་འབད་མི་དང་ ཉལ་ཁྲི་༤༠ འབད་མི་ བསམ་རྩེ་སྨན་ཁང་བཟོ་སྐྲུན་འབད་མི་གི་ ཟད་འགྲོ་འདྲ་མཉམ་གནས་ནུག་ཡོདཔ་མ་ཚད་ བསམ་རྩེ་སྨན་ཁང་ནང་འབད་བ་ཅིན་ ཐོག་རིམ་གྱི་ གྱངས་ཁ་མངམ་དང་ ཁང་ཚན་ཚུ ལོག་ལྟབ་ཀྱིས་སྦོམ་དོ་ཡོད་པའི་ རྩིས་ཞིབ་དབང་འཛིན་ལུ་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *