གསོ་བ་བློན་པོ་གིས་ འགྲོ་འགྲུལ་བཀག་དམ་ ངེས་མེད་ཨིན་པའི་དྲན་བསྐུལ།

༉ ཕུན་ཚོགས་གླིང་གི་ མི་སྡེ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ མི་༢ བདའ་ཟུན་མི་དང་བསྟུན་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༣ པ་དེ་ འོང་ནི་བཟུམ་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ ཕུན་ཚོགས་གླིང་དཔག་བསམ་ཁ་ལུ་ བཟོ་གྲྭ་ཁང་ཅིག་ནང་ ལཱ་འབད་མི་ ཕོ་སྐྱེས་ཅིག་ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ སྐྱེས་ལོ་༣༦ ལང་མིའི་གནས་ཚང་ལུ་ཡང་ བརྟག་དཔྱད་འབདཝ་ད་ ནད་འབུབ་ཐོབ་ཡོད་པའི་ ངོས་བཟུང་འབད་ནུག་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་ལས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ སྤྱི་ཟླ་༤ པའི་ཚེས་༡༤ ལས་ ཚ་རིམས་ལ་སོགས་པའི་ ནད་རྟགས་དུམ་གྲ་རེ་འཐོན་ནི་ འགོ་བཙུགས་ཡོད་རུང་ ཉིནམ་༤ གི་རྒྱབ་ལས་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་རྐྱངམ་གཅིག་ ཚ་རིམས་སྨན་བཅོས་ཁང་ནང་ སོང་ནུག་ཟེར་ཨིན་པས།

ཁོ་རའི་བཟའ་ཚང་འཐུས་མི་ཚུ་ ཁོ་དང་ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིནམ་ལས་ ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབདཝ་ད་ ཁ་ཙ་ཚུན་ ཁོ་གི་གནས་ཚང་རྐྱངམ་གཅིག་ལུ་ ནད་རྟགས་ཐོན་ཡོདཔ་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ བཟའ་ཚང་གི་ འཐུས་མི་གཞན་ཚུ་ ཟུར་བཞག་ཡོདཔ་མ་ཚད་ བཟོ་གྲྭ་ཁང་ནང་ ལཱ་འབད་མི་གཞན་ཚུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

ལྷོ་མཚམས་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལུ་ བཟོ་གྲྭ་ཁང་དེ་ནང་ ལས་མི་༧༠ ལྷགཔ་ཅིག་ཡོད་མི་ཚུ་ ཕྱི་ཁར་འཐོན་འགྱོ་མ་ཆོགཔ་སྦེ་ ས་ཁོངས་ནང་ན་སྡོད་དེ་ ལཱ་འབད་དོ་ཡོདཔ་ཨིན་པས།

ནད་འབུབ་ཐབ་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ ལཱ་འབད་བར་ སོང་ཡོདཔ་ད་ ཁོ་གིས་ ཟླཝ་འདི་གི་ སྔ་ཆ་ལུ་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་ནི་ཡང་ བཙུགས་ཡོད་པའི་ ལོ་རྒྱུས་འདུག།

འཕྲལ་ཁམས་ཅིག་ཁར་ ད་རུང་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་ནི་ཨིན་པའི་ འཐོར་གཏམ་ཁྱབ་སྤེལ་སོང་མིའི་ཐད་ལུ་ བློན་པོ་བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ ད་རིས་ འགྲོ་འགྲུལ་བཀག་དམ་མ་འབད་རུང་ ནངས་པ་མི་འོང་ཟེར་ མོ་གིས་ སླབ་མི་ཚུགས་ཟེར་ཨིན་པས།

གསོ་བ་བློན་པོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཐོན་མིའི་ གནས་སྟངས་སྐྱོ་སུ་སྦེ་ འགྱོ་དོ་ཡོད་མི་ལུ་ བལྟ་བ་ཅིན་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༣ པ་དེ་ འོང་དང་མི་འོང་ ངེས་པ་ག་ནི་ཡང་མེད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ ཕུན་ཚོགས་གླིང་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ནང་ ཨ་པ་དང་ཨའི་ དེ་ལས་ བུ་ཡོད་མི་ བཟའ་ཚང་འཐུས་མི་ ཆ་མཉམ་ལུ་ ནད་འབུབ་ཐོབ་ནུག་ཟེར་ཨིནམ་ད་ ཁོང་ག་ར་ ནད་རྟགས་སྟོནམ་ལས་ ཚ་རིམས་སྨན་བཅོས་ཁང་ནང་འོངམ་ད་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ནུག་ཟེར་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ནད་ཡམས་དེ་ མི་སྡེའི་ནང་ ག་དེ་སྦེ་ ཐོན་སོཔ་ཨིན་ན་ བརྟག་ཞིབ་འབད་དོ་ཡོདཔ་མ་ཚད་ ཕུན་ཚོགས་གླིང་ལུ་ཡོད་མི་ ལས་བྱེད་ཚོགས་ཆུང་གིས་ཡང་ གསོ་བའི་སྒྲིག་གཞི་ལས་ འགལ་ཡོད་མེད་ ལྟ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

མི་སྡེ་ཚུ་ནང་ ནད་ཡམས་ཀྱི་ བརྟག་དཔྱད་འབད་བའི་བསྒང་ཡོད་པའི་ཁར་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ལུ་ ཕུན་ཚོགས་གླིང་ལས་ གློ་བུར་དུ་ཕྱི་ཁར་སོང་མི་ ལམ་འགྲུལཔ་ཚུ་ཡང་ བརྟག་དཔྱད་འབད་དོ་ཟེར་ཨིནམ་ད་ ལྟ་རྟོག་འབད་མི་ ཡར་སེང་འབད་བའི་ཁར་ འདས་པའི་ཉིནམ་༢ ནང་ མི་༥,༠༠༠ ལྷགཔ་ཅིག་ལུ་ བརྟག་དཔྱད་འབད་ཡི་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ ནད་ཡམས་ཐོན་ཡོད་རུང་ རྒྱལ་ས་ལྟེ་བ་ལུ་ ཨ་རྟག་གི་ གནས་སྟངས་བཟུམ་སྦེ་ར་ཡོདཔ་ད་ ཟ་ཁང་ཚུ་ནང་ མི་སྤུངས་འཛོམས་དང་ ནོར་འཛིན་ལམ་བདའ་སྟེ་ འདུ་འཛི་ཅན་སྦེ་སྡོད་སར་ མཐོངམ་མ་ཚད་ མི་ཚུ་ ཁ་རས་ལག་ལེན་མ་འཐབ་པར་ སྡེ་ཚན་སྦེ་ ཁྲོམ་ལམ་བདའ་སྟེ་ སྤྲོ་འཁྱམས་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ མི་ཚུ་ ཚ་གྱང་མེད་པར་ སེམས་བག་ལྷོད་ཐོག་ སྡོདཔ་ཨིན་རུང་ ཀོ་བིཌ་-༡༩ ལུ་བརྟེན་ འཛམ་གླིང་ནང་ མི་ས་ཡ་༣ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་སྐོར་ ཧ་གོ་དགོ་ཟེར་ཨིནམ་ད་ ང་བཅས་ལུ་ གདོང་ལེན་ངོ་མ་ར་ རྒྱལ་ཁབ་ནང་ གསོ་བའི་ལམ་ལུགས་ སྒྲིང་སྒྲི་མེད་པའི་ཁར་ གློ་བུར་སྨན་བཅོས་སྡེ་ཕྲན་གྱི་ ཞབས་ཏོག་ཚད་གཅིག་ལས་བརྒལ་མེད་མི་དེ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་ཆེ་དྲགས་སྦེ་ འགྱོ་བ་ཅིན་ རྒྱལ་ཁབ་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་འོང་ཟེར་ཨིནམ་ད་ ནད་ཡམས་ཀྱི་ ཁྱད་ཆོས་བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ བརྡ་དོན་ཚུ་ ལེགས་ཤོམ་སྦེ་ ཐོབ་མི་ཚུགས་པས་ཟེར་ བློན་པོ་གིས་ བཤད་པའི་ཁར་ ད་རེས་ འཛམ་གླིང་ནང་ ནད་ཡམས་ཀྱི་ ཁྱད་ཆོས་མ་འདྲཝ་༥ དེ་ཅིག་ ཁྱབ་སྤེལ་སོང་ཡོདཔ་ལས་ སེམས་བག་ལྷོད་ཐོག་ སྡོད་ནི་མི་འོང་ཟེར་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ རྒྱ་གར་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ ནད་ཡམས་ཀྱི་ ཁྱད་ཆོས་གསརཔ་དེ་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་མི་ཅིག་ཨིནམ་བཞིན་དུ་ གལ་སྲིད་ ནད་འབུབ་ཐོབ་པ་ཅིན་ ད་རིས་ཀྱི་ ཉེན་ཁ་ཆེ་བས་ཟེར་ཨིན་པས།

བློན་པོ་གིས་ སྨན་ཁབ་བཙུགས་མི་དེ་གིས་ མི་ངོ་དེ་ལུ་ ཀོ་བིཌ་-༡༩ འཐོབ་ནི་ལས་ ཉེན་སྐྱོབ་འབད་མི་ཚུགས་ནི་ཨིནམ་ མི་ཚུ་གིས་ ཧ་གོ་དགོ་ཟེར་ བཤད་པའི་ཁར་ སྨན་ཁབ་ཀྱིས་ ནད་ཡམས་ཀྱིས་ གནོད་སྐྱོན་རྐྱབ་ནི་ལས་ མར་ཕབ་འབད་ནི་ལུ་ ཕན་ནི་ཨིན་རུང་ ནད་འབུབ་དེ་ འཐོབ་ནི་གི་ ཉེན་ཁ་ཡོདཔ་ལས་ ད་ལྟོའི་ གནས་སྟངས་ནང་ ང་བཅས་བློ་བདེ་སྟེ་ སྡོད་ནི་མི་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *