གསོ་བ་དང་སྲིད་དོན།

༉ ཨ་ལོ་དང་ རྒན་ཤོས་ཚུ་གི་ ཚེ་སྲོག་ཉེན་སྐྱོབ་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ བདུན་ཕྲག་འདི་ནང་ ནད་བཀག་སྨན་༣ གསར་བཙུགས་འབད་ཡི།
སང་ཕོད་སྤྱི་ཟླ་༡ པ་ལས་ ནི་མོ་ཀོ་ཀཱལ་ཟེར་ གློ་བའི་ཚད་ནད་དང་ རོ་ཊ་བཱའི་རཱསི་ཟེར་མི་ རྒྱུ་མའི་ནད་གཞི་ དེ་ལས་ ཕུ་ལུ་ཟེར་ ཚ་རིམས་དང་འབྲེལ་བའི་ ནད་བཀག་སྨན་གསརཔ་ཚུ་ ཨ་ལོ་དང་ རྒན་རྒས་ཚུ་ལུ་བྱིན་ནི་ འགོ་བཙུགས་ནི་ཨིན་མས།
གློ་བའི་ཚད་ནད་སྨན་གྱིས་ གློ་ཚད་དང་ རྣ་བའི་ཚད་ནད་ ཚཝ་མགུ་ནད་ཚུ་ སྔོན་འགོག་འབད་ནི་ཨིནམ་མ་ཚད་ རྒྱུ་མའི་ནད་བཀག་སྨན་གྱིས་ ཨ་ལོ་ཚུ་ ཆབ་གསང་བཤལ་ནད་ བཀག་ནི་དང་ ཚ་རིམས་སྨན་གྱིས་ ཨ་ལོ་དང་ རྒན་རྒས་གཉིས་ཆ་ར་ དུས་ཚོད་དང་འཁྲིལ་ཐོབ་མི་ ཚ་རིམས་ཚུ་ སྔོན་འགོག་འབད་ནི་ཨིན་མས།
ནད་བཀག་སྨན་དང་ སྨན་ཁབ་ཚུ་གིས་ ང་བཅས་རའི་མི་ཚུ་ སྲོག་སྐྱབས་འབདཝ་མ་ཚད་ འདས་པའི་ལོ་༣༩ གི་རིང་ལུ་ གསོ་བ་ལྷན་ཁག་གིས་ ཨ་ལོ་ཚུ་ལུ་ ནད་བཀག་སྨན་མ་འདྲཝ་༡༡ བྱིན་མི་དེ་གིས་ སྲོག་སྐྱབས་འབད་ཡོདཔ་མ་ཚད་ མི་འབོར་གྱི་ གཟུགས་ཁམས་འཕྲོད་བསྟེན་ཡང་ ལེགས་ཤོམ་སོང་སྟེ་ཡོདཔ་བཞིན་དུ་ གསོ་བ་ལྷན་ཁག་གིས་ ད་རེས་ ནད་བཀག་སྨན་གསརཔ་ འགོ་བཙུགས་མི་དང་ སྨན་བཙུགས་ཁྱབ་ཚད་ བརྒྱ་ཆ་༩༧ ཡུན་བརྟན་ཐོག་ བཞག་མི་དེ་ལུ་ བསྟོད་བསྔགས་བརྗོད་དགོ།
མི་སེར་ཚུ་གིས་འབད་རུང་ ནད་བཀག་སྨན་ཚུ་ལུ་ ཟད་འགྲོ་གནས་མི་དེ་ ད་རེས་ འབྲུག་གསོ་བའི་བློ་གཏད་མ་དངུལ་གྱིས་ བཏངམ་ཨིནམ་ཤེས་དགོ། འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གསོ་བའི་བློ་གཏད་མ་དངུལ་དེ་ ཞི་གཡོག་ལས་ སོ་སོར་བཏོན་དགོ་པའི་ གྲོས་འཆར་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ བལྟ་དགོཔ་སྦེ་ བཀའ་རྒྱ་གནང་ནུག།
མི་ཚུ་གིས་ ཤེས་དགོཔ་འདི་ བློ་གཏད་མ་དངུལ་དེ་ ཞི་གཡོག་གི་འོག་ལས་ སོ་སོར་བཏོན་དགོ་པའི་ ཨུ་ཚུགས་བསྐྱེད་མི་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༡༠ བྱིན་ནི་གི་ ཁས་ལེན་འབད་མི་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གནས་ཚིག་ཅིག་ བཟོ་མི་ལུ་བརྟེན་ཨིནམ་ ཧ་གོ་དགོཔ་ཡང་ཁག་ཆེ།
གནས་སྟངས་འདི་ལུ་ལྟཝ་ད་ ཕྱིའི་གྲོགས་རམ་བྱིན་མི་ཚུ་གིས་ རྒྱལ་ཡོངས་ཀྱི་ སྲིད་བྱུས་ཚུ་ལུ་ རྒྱུད་བསྐུལ་འབད་དོ་ཡོད་པའི་ གསལ་སྟོན་འབདཝ་བཞིན་དུ་ འབྲུག་གིས་ཡང་ ཚུལ་ལྡན་མེད་པའི་ ལག་ལེན་དེ་ལུ་ ངོས་ལེན་འབདཝ་བཟུམ་ཅིག་དང་ གནད་དོན་དེ་ སྲིད་དོན་ལུ་ གྱུར་དོ་བཟུམ་ཅིག་ཡང་ མཐོང་སྣང་བྱུངམ་མས།
སྤྱི་ལོ་༢༠༡༦ ལུ་ བློན་ཆེན་གྱིས་ གསོ་བའི་བློ་གཏད་མ་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༡.༥ ལས་ དུས་ཅིའི་ལོ་རྫོགསཔ་ད་ དངུལ་ཀྲམ་ཐེར་འབུམ་༣ ལུ་ ལོག་ལྟབ་ཡར་སེང་འབད་ནི་ཟེར་ གསལ་བསྒྲགས་གནང་པའི་སྐབས་ གསོ་བའི་བློ་གཏད་མ་དངུལ་གྱི་ འགོ་དཔོན་ཚུ་གིས་ཡང་ སྤྱི་ལོ་༢༠༡༨ ཀྱི་རྒྱབ་ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༦༥༠ དང་ གཞུང་ལས་བསྟན་རྩའི་མ་དངུལ་ས་ཡ་༥༠༠ གནང་ཐོག་ལས་ བློན་ཆེན་གྱི་ ཁས་བླངས་དེ་ བསྒྲུབ་ཚུགས་འོང་ཟེར་སླབ་ནུག།
བློ་གཏད་མ་དངུལ་ ཡར་སེང་་གི་ དམིགས་གཏད་བསྐྱེད་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ སྲིད་དོན་གྱི་ ཁས་བླངས་འབད་ནི་དང་ དེ་ཚུ་ བསྒྲུབ་ནིའི་དོན་ལས་ ཕྱི་ལས་གྲོགས་རམ་བྱིན་མི་ཚུ་ལུ་ རྒྱལ་ཡོངས་སྲིད་བྱུས་ཚུ་ནང་ རྒྱུད་བསྐུལ་འབད་བཅུག་མི་དེ་ ཚ་གྱང་སྦོམ་ལང་དགོཔ་ཅིག་ཨིན་མས། འདི་འབདཝ་ལས་ གཞུང་གིས་ གསོ་བའི་བློ་གཏད་མ་དངུལ་ སོ་སོར་བཏོན་ནིའི་ གྲོས་འཆར་ལུ་ ཞི་གཡོག་ལྷན་ཚོགས་ཀྱིས་ རྒྱུ་རྐྱེན་དང་ གནད་ཁུངས་ཚུ་ མཐིལ་ཕྱིན་སྦེ་ བལྟ་དགོཔ་འདུག།
གསོ་བ་ལྷན་ཁག་གིས་ གསོ་བའི་སྨན་བཅོས་མཐུན་རྐྱེན་ཚུ་ ཐོབ་ཆོག་ཆོ་བཟོ་ནིའི་ འཆར་གཞི་ཚུ་ལུ་ མི་སེར་གྱིས་ ཡིད་ཆེས་བསྐྱེདཔ་ཨིན་རུང་ ལས་འགུལ་དག་པ་ཅིག་གི་ ལག་ལེན་ནང་ འཐུས་ཤོར་བྱུང་མི་དེ་ སེམས་ཕམ་པའི་ གཞི་ཅིག་ཨིནམ་ད་ ཁག་འབགཔ་ཚུ་གིས་ མ་བུའི་སྨན་ཁང་བཟོ་སྐྲུན་ནང་ ལམ་ལུགས་དང་མ་འཁྲིལ་བར་ རིན་བསྡུར་འབད་བའི་སྐོར་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ རྩི་རང་ལུ་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་དེ་ ཉལ་ཁྲི་༢༠ སྦེ་ བཟོ་སྐྲུན་འབད་ནུག།
དེ་བཟུམ་བཟོ་སྐྲུན་འབད་མི་དེ་ ངན་ལྷད་དང་ ཡང་ཅིན་ བྱ་སྒོའི་ལམ་ལུགས་ ལོག་སྤྱོད་འབད་བའི་གྲངས་སུ་ བརྩི་ནི་ཨིན་ན་ སླབ་ནི་མེད་རུང་ རྩོད་དོན་དེ་ཚུ་གིས་ ལྷན་ཁག་ནང་ དཀའ་ངལ་ཚབས་ཆེན་ཡོད་པའི་ བརྡ་སྟོནམ་མས།
ལས་འགུལ་དེ་ཚུ་ མི་མང་ལུ་ གསོ་བའི་སྨན་བཅོས་ཞབས་ཏོག་ མཁོ་སྤྲོད་འབད་ནིའི་དོན་ལུ་ གལ་ཆེ་མི་ལུ་བརྟེན་ གསོ་བ་ལྷན་ཁག་གིས་ བརྡ་བརྒྱུད་ལུ་ ཚོགས་བརྡ་གཏང་ནི་མེན་པར་ དཀའ་ངལ་དེ་ཚུ་ གང་མགྱོགས་སེལ་ཐབས་འབད་དགོཔ་འདུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *