གསེར་ནག་ཚོང་འཐབ་པའི་བཤེར་ཡིག་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ ཕོ་སྐྱེས་༣ གྱིས་ བྱང་ཕྱོགས་ས་མཚམས་ཁར་ གསེར་ཀེ་ཇི་༡༥ ནག་ཚོང་འཐབ་ནིའི་ དཔའ་བཅམ་ཡོད་པའི་ བཤེར་ཡིག་དེ་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༤༠ ལང་མི་ འཕྲིན་ལས་དང་ སྤ་རོ་བཙན་ཏོག་ལས་ སྐྱེས་ལོ་༢༨ ལང་མི་ ཟླ་བ་ཚེ་རིང་གཉིས་ཀྱིས་ ནག་ཚོང་འཐབ་མི་དེ་ཡང་ བཙན་ཏོག་ལས་ཨིན་མི་ བཀྲིས་རྒྱལ་མཚན་གྱིས་ བཀོད་རྒྱ་དང་འཁྲིལ་ཏེ་ འབད་ནུག་ཟེར་ བཤད་ཡོདཔ་ཨིན་པས།
སྤ་རོ་ དགུང་ཉི་རྩ་བ་གི་ དམག་མི་ཚུ་གིས་ འཕྲིན་ལས་དེ་ གསེར་དང་གཅིག་ཁར་ ཕོབ་སྡིངས་ལས་ འཛིན་བཟུང་འབད་ཡོདཔ་ད་ ཟླ་བ་ཚེ་རིང་གིས་ ས་ཁོངས་ནང་ལས་ བྱོག་སོང་ཡོད་རུང་ འཕྲིན་ལས་འཛིན་བཟུང་འབད་བའི་ཤུལ་ལས་ ཟླ་བ་ཚེ་རིང་ཡང་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ བྱ་ངན་དེ་ནང་ འབྲེལ་གཏོགས་ཡོད་པའི་ རྫུན་ཁ་བཟེད་ནུག།
དམག་མི་ཚུ་གིས་ འཕྲིན་ལས་དང་ ཟླ་བ་ཚེ་རིང་གཉིས་ཀྱིས་ བྱ་ངན་འབད་མི་ལུ་ རྫུན་ཁ་བཟེད་པའི་ཤུལ་ལས་ བཀྲིས་རྒྱལ་མཚན་ཡང་ འཛིན་བཟུང་འབད་ཡོདཔ་ད་ ཁོང་གིས་ གསེར་དེ་ ས་མཚམས་བརྒལ་ཏེ་ འབག་འགྱོ་ནིའི་ དཔའ་བཅམ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ ཁོང་གཉིས་ཀྱིས་ གསེར་ནག་ཚོང་འཐབ་མི་ཚུ་ལུ་ དངུལ་ཀྲམ་༡༡,༠༠༠ རེ་ བྱིན་ནི་སྦེ་ ཁ་ཚིག་བཞག་ཡི་ཟེར་སླབ་ནུག།
ཁོང་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༧༩ པ་ལྟར་ ནག་ཚོང་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ད་ ཁྲིམས་དེབ་དེའི་ དོན་ཚན་༢༨༠ གིས་ བྱ་ངན་དེ་ཚུ་ ནག་ཚོང་རྐྱབ་མི་ ཅ་ཆས་ཀྱི་ རིན་གོང་དང་འཁྲིལ་ ཉེས་ཁྲིམས་ཕོག་ཟེར་ཨིན་པས།
ཟླ་བ་ཚེ་རིང་དང་ འཕྲིན་ལས་གཉིས་ཀྱིས་འབག་མི་ གསེར་གྱི་རིན་གོང་དེ་ དངུལ་ཀྲམ་ས་ཡ་༤༦ གི་རྩིས་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབྱེ་རིམ་གསུམ་པའི་ ཉེས་ཁྲིམས་ཕོག་ཟེར་ཨིན་པས།
ཉེས་འཛུགས་དང་འཁྲིལཝ་ད་ ཁོང་གཉིས་ཀྱིས་ བཙོང་ཁྲལ་དང་ཅ་དམ་ནང་ཁྲལ་༢༠༠༠ ཅན་མའི་ དོན་ཚན་༡༠.༡.༤ པ་དང་འཁྲིལཝ་ད་ གསེར་དང་དངུལ་ཚུ་ ལྗིད་ཚད་ག་རམ་༥༠ ལས་ལྷག་སྟེ་ འབག་པ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གནང་བ་ལེན་དགོ་པའི་ཁར་ དེ་མིན་ ཅ་དམ་གྱི་ཁྲལ་ ཕོག་དགོཔ་སྦེ་ ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༩ ལང་མི་ བཀྲིས་རྒྱལ་མཚན་དེ་ སྡོང་གྲོགས་འབད་བའི་ཉེས་ཁྲིམས་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༢༦ པ་ལྟར་ དོན་ཆེད་འབད་ར་ འཕྲིན་ལས་དང་ ཟླ་བ་ཚེ་རིང་ལུ་ ནག་ཚོང་འཐབ་ནིའི་དོན་ལུ་ མཁོ་མངགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀྲིས་རྒྱལ་མཚན་ལུ་ འཕྲིན་ལས་དང་ ཟླ་བ་ཚེ་རིང་ལུ་བཀལ་མི་ ཉེས་ཁྲིམས་ཀྱི་ཕྱེད་ཀ་ བཀལ་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ད་ དམག་མི་ཚུ་གིས་ འཕྲིན་ལས་དེ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ འཛིན་བཟུང་འབད་དེ་ སྤ་རོའི་ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *