ཐིམ་ཕུག་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གཙོ་ཁང་གི་ ས་ཁོངས་ནང་ གསེར་ལྐོག་ཚོང་འཐབ་མི་ དོགས་པ་ཅན་ཚུ་ལས་ འཕྱོག་བཟུང་འབད་མི་ སྣུམ་འཁོར་ཚུ་ཨིན་རུང་ (རྒྱབ་ཁ་ལུ་ ཨང་གྲངས་ཡོད་མི་ སྒེར་འཁོར་༤ བཞག་མི་དེ་ གསེར་ནག་ཚོང་དང་འབྲེལ་བ་མེད)།

གསེར་ནག་ཚོང་དང་འབྲེལ་བའི་བྲེལ་ཟིང་ ཧ་ལམ་མཇུག་བསྡུ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཁྲིམས་སྲུང་འགག་སྡེ་གིས་ གསེར་ཀེ་ཇི་༡༩ ལྐོག་ཚོང་འཐབ་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་༡༡ གི་ ཞིབ་དཔྱད་མཇུག་བསྡུ་སྟེ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་མི་དང་བསྟུན་ ད་རེས་ནངས་པར་ འཛིན་བཟུང་འབད་ནི་ཚུ་ཡང་ མར་བབས་སོང་ཡོདཔ་ཨིན་པས།
ལྐོག་ཚོང་འཐབ་པའི་ དོགས་པ་ཅན་ཚུ་ཡང་ མང་ཤོས་ར་ སྤ་རོ་བཙན་ཏོག་རྒེད་འོག་ལས་ འཛིན་བཟུང་འབད་ཡོད་རུང་ འཕྲལ་ཁམས་ཅིག་ལས་ ཁྲིམས་སྲུང་འགག་པ་ཚུ་ རྒེད་འོག་དེ་ནང་ འོང་ས་མ་མཐོང་ཟེར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཅིག་གིས་ བཤདཔ་ཨིན་པས།
སྤ་རོ་དང་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་སྤྱི་ཟླ་༥ པའི་ཚེས་༡ ལས་ གསེར་ལྐོག་ཚོང་འཐབ་མི་ མར་གནོན་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཟླཝ་༣ གྱི་ནང་འཁོད་ལུ་ མི་༤༠ ལྷགཔ་ཅིག་ འཛིན་བཟུང་འབད་མི་ལས་ མང་ཤོས་ར་ བཙན་ཏོག་ལས་ཨིནམ་ད་ རྩོད་དོན་ཁག་༦ ནང་ གསེར་ཀེ་ཇི་༡༧༠ ལྐོག་ཚོང་འཐབ་མི་ལས་ ཁྲིམས་སྲུང་འགག་པ་གིས་ གསེར་ཀེ་ཇི་༤༤ དོགས་ཅན་ཚུ་ལས་ བཙན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ དོགས་པ་ཅན་མང་ཤོས་ར་ སྤྱི་ཟླ་༦ པའི་ཚེས་༢༡ ལས་ཚུར་ འཛིན་བཟུང་ཐོག་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
འདས་པའི་ལོ་༤ གི་རིང་ལུ་ གསེར་ལྐོག་ཚོང་འཐབ་མི་ འཛིན་བཟུང་དང་ གསེར་འཕྱོག་བཟུང་འབད་མིའི་ འབོར་ཚད་ཡར་འཕར་སོང་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་ཐོག་ རྩོད་བཤེར་འབད་མིའི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ རྩོད་དོན་༢ ནང་ གསེར་ཀེ་ཇི་༡.༤༨ དང་ སྤྱི་ལོ་༢༠༡༧ ལུ་ རྩོད་དོན་ཁག་༣ རྩོད་བཤེར་འབད་མི་ནང་ གསེར་ཀེ་ཇི་༢༡.༢༥ ལྐོག་ཚོང་འཐབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༨ ལུ་ རྩོད་དོན་༤ ནང་ གསེར་ཀེ་ཇི་༧༧ ལྐོག་ཚོང་འཐབ་ནུག།
དེ་ལས་ དུས་ཅི་ སྤྱི་ཟླ་༡ པ་ལས་༦ པའི་ཟླ་ཕྱེད་ཚུན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ གསེར་ཀེ་ཇི་༡༠༦.༡༧༤ ལྐོག་ཚོང་འཐབ་མིའི་ནང་ མི་གྲངས་༢༠ ལུ་ ཉེས་འཛུགས་འབད་ཡོདཔ་ད་ གསེར་ཀེ་ཇི་༡༠༦.༡༧༤ ལས་ ཀེ་ཇི་༥༠ འཕྱོག་བཟུང་འབད་ནུག།
ད་ཚུན་གྱི་བར་ན་ ཁྲིམས་སྲུང་འགག་པ་གིས་ གསེར་རྫུས་མ་ཀེ་ཇི་༢ དང་ དངུལ་རྐྱང་ས་ཡ་༡༥.༠༧༧ བཙན་བཟུང་འབད་ཡོདཔ་མ་ཚད་ སྣུམ་འཁོར་པ་རོ་ཌོ་༡ དང་ ཧའི་ལགསི་༣ ཀེ་རེ་ཊ་༡ བོ་ལེ་རོ་༡ སུ་ཛུ་ཀི་༡ མ་རུ་ཏི་བེན་༡ འབདཝ་ད་ སྣུམ་འཁོར་༨ དང་ པཱལ་སར་བ་ཡེག་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ གསེར་ཀེ་ཇི་༥༢ དང་༣༡ འབད་མི་ རྩོད་དོན་ཁག་༢ ནང་ མི་༡༦ ལུ་ གསེར་ལྐོག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ སྤ་རོ་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *