སྲིད་པ་འཁོར་ལོ་གི་ མཐོང་གྲོལ་མཇལ་ཁ་ གནང་པའི་བསྒང་།

གསེར་ཐིག་དར་རྒྱས་འུང་གི་ ཚེས་བཅུའི་སྐབས་ སྲིད་པ་འཁོར་ལོའི་ མཐོང་གྲོལ་མཇལ་ཁ་ གནང་དགོ་པའི་རྒྱབ་ཁུངས།

༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་གི་ ཚེས་བཅུ་ཚུ་ནང་ ཞབས་དྲུང་དག་སྣང་མ་དང་ གུ་རུ་མཚན་བརྒྱད་ལ་སོགས་པའི་ མཐོང་གྲོལ་ཚུ་ མཇལ་ཁ་གནང་སྲོལ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ གསེར་ཐིག་རྒེད་འོག་ དར་རྒྱས་འུང་གི་ ཚེས་བཅུའི་སྐབས་ སྲིད་པ་འཁོར་ལོའི་ མཐོང་གྲོལ་མཇལ་ཁ་ གནངམ་ཨིན་པས།ཚེས་བཅུའི་སྐབས་ སྲིད་པ་འཁོར་ལོའི་ མཐོང་གྲོལ་མཇལ་ཁ་ གནང་མི་དེ་ཡང་ དར་རྒྱས་འུང་གི་ ལོ་བསྟར་ཚེས་བཅུ་དེ་ བར་དོའི་ཚེས་བཅུ་འབད་ནི་དེ་གིས་ འབྲེལ་བ་ཡོད་པའི་ཁར་ དེ་ཁའི་མི་ཚུ་གིས་ཡང་ སྲིད་པ་འཁོར་ལོའི་ མཐོང་གྲོལ་བཞེངས་དགོ་པའི་ ཞུ་བ་འབད་མི་དང་བསྟུན་ཨིན་པས།མཁན་པོ་འཕྲིན་ལས་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཁའི་མཐོང་གྲོལ་དེ་ མཚམས་པ་ཨ་རྒས་དང་ ཨང་རྒས་ཚུ་གིས་ མ་དངུལ་ཀྱི་ རྒྱབ་སྐྱོར་འབད་ཐོག་ལས་ ལོ་༢ དེ་ཅིག་གི་ཧེ་མར་ གསར་བཞེངས་འབད་ཡི་ཟེར་ཨིནམ་ད་ སྲིད་པ་འཁོར་ལོ་བཞེངས་དགོ་མི་དེ་ཡང་ ཁོང་རའི་ རེ་འདོད་དང་འཁྲིལ་ཨིནམ་ལས་ ཟད་འགྲོ་ དངུལ་ཀྲམ་༥༦,༠༠༠ དེ་ཅིག་ གནས་ཡོདཔ་ཨིན་པས།ཁོ་གིས་ བཤད་མིའི་ནང་ ཚེས་བཅུའི་སྐབས་ ཉིན་གྲངས་༢ ཀྱི་རིང་ བར་དོའི་སྐུ་འཆམ་ རྒྱས་པར་སྦེ་ མཇལ་ཁ་གནང་དོ་ཡོདཔ་ད་ སྐུ་འཆམ་དེ་ཡང་ སྲིད་པ་བར་དོའི་གནས་སྐབས་ཀྱི་ཨིནམ་ལས་ སྲིད་པ་འཁོར་ལོའི་ མཐོང་གྲོལ་བཞེངས་མི་དེ་ མཇལཝ་ཙམ་གྱིས་ སྲིད་པ་བར་དོའི་ ངེས་ཤེས་འདྲོངས་ཚུགས་པའི་ ཕན་ཐོགས་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ ལྷ་ཁང་གི་གདོང་ཁར་ མཐོང་གྲོལ་དཔྱངས་ཞིནམ་ལས་ དེ་ཁའི་བླ་སློབ་དང་ མཚམས་པ་ དེ་ལས་ ཚེས་བཅུ་མཇལ་བར་འོང་མི་ཚུ་གིས་ ཕྱག་འཚལ་ཏེ་ སྙན་དར་ཕུལ་ཚར་བའི་ཤུལ་ལུ་ མཁན་པོ་འཕྲིན་ལས་རྣམ་རྒྱལ་གྱིས་ མི་ཚུ་ལུ་ སྲིད་པ་འཁོར་ལོའི་ གསལ་བཤད་རྐྱབ་བྱིནམ་ཨིན་པས།མཁན་པོ་གིས་ བཤད་མིའི་ནང་ སྲིད་པ་འཁོར་ལོ་གིས་ ངན་འགྲོ་དང་ བདེ་འགྲོ་༢ ལུ་འདུས་པའི་ རིགས་དྲུག་གི་ སེམས་ཅན་ག་ར་ སྲིད་པ་འཁོར་བ་ནང་ ག་དེ་སྦེ་འཁྱམས་ཨིན་ན་ དེའི་རྒྱུ་མཚན་དང་བཅསཔ་སྦེ་ སྟོནམ་ཨིནམ་ད་ དེ་ཡང་ འགོ་དང་པ་ རྒྱལ་པོ་གཟུགས་ཅན་སྙིང་པོ་གིས་ སངས་རྒྱས་ཀྱི་བཀའ་དང་འཁྲིལ་ བྲིས་ཡོདཔ་ཨིན་མས་ཟེར་ཨིན་པས།ཁོ་གིས་ བཤད་མིའི་ནང་ འཁོར་ལོའི་སྦུག་ལུ་ བྱ་དང་ སྦུལ་ ཕགཔ་༣ གྱི་ གཟུགས་བརྙན་ཡོད་མི་དེ་ བྱ་དེ་འདོད་ཆགས་དང་ སྦུལ་དེ་ཞེ་སྡང་ དེ་ལས་ ཕགཔ་དེ་གཏི་མུག་ཟེར་ ཉོན་མོངས་དུག་༣ གྱི་ བརྡ་མཚོན་ཨིནམ་ད་ བྱ་དང་སྦུལ་༢ ཕགཔ་གི་ཁ་ལས་ ཐོན་མི་དེ་ ཉེས་དམིགས་ག་ར་ དུག་༣ ལས་བྱུང་དོ་བཟུམ་སྦེ་ ཞེ་སྡང་དང་ འདོད་ཆགས་དེ་ཡང་ གཏི་མུག་ལས་བྱུང་བའི་ བརྡ་མཚོན་ཨིན་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་གི་ ཚེས་བཅུ་ག་ཏེ་མཇལ་རུང་ སྲིད་པ་འཁོར་ལོ་གི་ མཐོང་གྲོལ་མ་མཇལཝ་ལས་ དར་རྒྱས་འུང་ལུ་ཡོད་མི་ མཐོང་གྲོལ་དེ་ ད་ལྟོ་ རྒྱལ་ཁབ་ནང་ འགོ་དང་པ་བཟུམ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ མི་ཚུ་ལུ་ སྲིད་པ་འཁོར་ལོའི་ བཤད་པ་རྐྱབ་སྟེ་ བྱིན་མི་དེ་ཡང་ སྲིད་པ་འཁོར་ལོའི་ནང་ཡོད་མི་ རི་མོ་དེ་ཚུ་ ངོ་སྤྲོད་འབད་མ་དགོ་པའི་ ཤེས་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

གསེར་ཐིག་ལས་ སྐལ་བཟང་དབང་ཕྱུག།གསེར་ཐིག་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *