གསེར་ཀེ་ཇི་༧ ནག་ཚོང་འཐབ་མི་༢ ཀྱི་བཙོན་ཁྲིམས་ གཞི་འཛིན་འབད་ཡོདཔ།

༉ ལོ་ངོ་༢ ལྷགཔ་ཅིག་གི་ཧེ་མར་ བྱང་ཕྱོགས་ཀྱི་ ས་མཚམས་ཁ་ལས་ བཀག་དམ་ཅན་གྱི་ གསེར་ཀེ་ཇི་༧ འབག་འོང་སྟེ་ ནག་ཚོང་འཐབ་ནིའི་ དཔའ་བཅམ་མི་ ཕོ་སྐྱེས་༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༥ རེ་བཀལ་བའི་ འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོཔ་སྦེ་ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་ཡི།
དེ་ཡང་ འཁྲུན་ཆོད་དང་འཁྲིལཝ་ད་ ཧཱ་ཁྲོམ་ལས་ མཐོ་གཏུགས་པ་ ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་༢ ཀྱིས་ བོད་འབྲུག་ས་མཚམས་ལས་ བཀག་དམ་ཅན་གྱི་གསེར་ ནང་འདྲེན་ནམ་ ལྐོག་ཚོང་འཐབ་ནིའི་དོན་ལུ་མེན་པར་ སྐྱེལ་འདྲེན་འབད་དེ་་འཐུས་ལེན་ནིའི་དོན་ལུ་ཨིན་ཟེར་ བདེན་གཏམ་ཇི་ལྟར་བརྗོད་རུང་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༡༦ ལུ་གནང་མི་ འཁྲུན་ཆོད་ནང་ རྩ་ཕན་རང་སོའི་བྱ་ངན་འཐབ་ཡོད་པའི་ གནོད་འགེལ་གྱི་ རྒྱབ་ཁུངས་ཚུ་ གསར་དངོས་དྭངས་གསུམ་བཀོད་དེ་ འཁྲུན་ཆོད་གནང་མི་དང་ གཅིག་མཚུངས་མ་གཏོགས་ ཐ་དད་ཁྱད་པར་གང་ཡང་ མ་ཐོན་ཟེར་བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་ ཉེ་འཛུགས་ཅན་ ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་གཉིས་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༡༨.༦ དེ་ཅིག་གནས་པའི་ རིང་ཐང་ལུ་ གཞི་བཞག་སྟེ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་ལུ་ གསེར་ལྐོག་ཚོང་འཐབ་པའི་ བཙོན་ཁྲིམས་ལོ་ངོ་༢ དང་ཟླཝ་༦ རེ་ བཀལ་ཡོད་རུང་ དེ་ལུ་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ རིག་འཛིན་གྱིས་ དོགས་ཟོན་ཅན་ ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་༢ ལུ་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་ཡོད་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་ བརྩི་འཇོག་ཐོག་ རིག་འཛིན་ལུ་ ཉེས་ཁྲིམས་ལོ་ངོ་༢ དང་ཟླཝ་༦ སྨིན་དགོ་པའི་ འཁྲུན་ཆོད་གནང་མིའི་ཐད་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ དོགས་པ་བཀག་སྟེ་ ཕྱིར་འབུད་མཛད་ནུག།
འཁྲུན་ཆོད་ནང་ མ་གཞི་ རིག་འཛིན་ཁོ་ར་ ནོར་བྱང་ས་ལུ་ རྒྱགས་སྐལ་བསྐྱལ་བར་ སོང་ཡོདཔ་ཨིན་རུང་ ཉེས་འཛུགས་ཅན་ ཁྱུད་བདུད་དབང་ཕྱུག་གིས་ རིག་འཛིན་ལུ་ བརྒྱུད་འཕྲིན་བཏང་མི་དང་འཁྲིལ་ ལག་རྟགས་དེ་ འབག་འོངམ་ངེས་བདེན་ཨིན་རུང་ ལགས་རྟགས་དེ་ནང་ བཀག་དམ་མམ་ ཚད་འཛིན་གྱི་ རྒྱུ་དངོས་ཡོད་པའི་སྐོར་ རིག་འཛིན་ལུ་ ཤེས་རྟོགས་མེདཔ་ ངེས་བདེན་ཨིན་པའི་ ཁྱུང་བདུད་དབང་ཕྱུག་དང་ ཀུན་ལེགས་ཚེ་རིང་ རིན་ཆེན་རྡོ་རྗེ་༣ གྱི་བར་ན་ ཉེས་ལས་ལྐོག་གྲོས་ཐོག་ ཁྲིམས་ལས་འགལ་བའི་ གན་འཛིན་བཟོ་ཡོད་མི་དེ་ནང་ ཅ་ཆས་དེ་ རིག་འཛིན་གྱིས་ ཤེས་མ་བཅུག་པར་ བཞག་དགོ་ཟེར་ དྭངས་གསལ་འཁོད་ནུག་ཟེར་བཀོད་ནུག།
དེ་འབདཝ་ལས་ གནས་སྟངས་ཀྱི་ སྒྲུབ་བྱེད་ཅིག་བྱུང་རུང་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཙན་ཅན་གྱི་མངོན་རྟགས་ ཁྲིམས་སའི་ཡུ་སྐོང་ཡོངས་སུ་རྫོགས་པར་ སྟོན་མ་ཚུགསཔ་ལས་ དོགས་ཟོན་ཅན་ རིག་འཛིན་དེ་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་ གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ སྐབས་དོན་ལྟར་ དོགས་པ་བཀག་སྟེ་ ཕྱིར་ཕུད་མཛདཔ་ཨིན་ཟེར་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།
ཨིན་རུང་ དོགས་ཟོན་ཅན་ རིག་འཛིན་དེ་ རྩོད་ཉོགས་དེ་ནང་ འབྲེལ་གཏོགས་དང་ ཤེས་བྱ་ཡོད་པའི་ མངོན་རྟགས་ཀྱི་ སྒྲུབ་བྱེད་འབྱུང་པ་ཅིན་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་གནང་བའི་ འཁྲུན་ཆོད་དང་འཁྲིལ་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
གསེར་ཀེ་ཇི་༧ དེ་ སྤྱི་ཟླ་༢༠༡༥ ཟླ་༡༡ པའི་ཚེས་༡༡ ལུ་ བོད་ཀྱི་ས་མཚམས་ཁར་ གཡག་རྫིཔ་རིག་འཛིན་གྱིས་ ཁྱུང་བདུད་དབང་ཕྱུག་གིས་ སླབ་བཞིན་དུ་ གསེར་འབག་འོང་ཡོདཔ་ད་ ཉིནམ་༤ གི་ཤུལ་ལས་ ཁོ་གིས་ རིན་ཆེན་རྡོ་རྗེ་ལུ་ སྤྲོད་ཡོདཔ་ད་ རིན་ཆེན་རྡོ་རྗེ་གིས་ ཤུལ་ལས་ ཁྱུང་བདུད་དབང་ཕྱུག་ལུ་ སྤྲོད་ཡོདཔ་ཨིན་པས།
ཁྱུང་བདུད་དབང་ཕྱུག་གིས་ གསེར་ཚུ་ ཆུ་འཛོམས་ལས་ ཕུན་ཚོགས་གླིང་ལུ་ འབག་འགྱོ་བའི་ནུབ་མོ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ ཁྲིམས་སྲུང་འགག་ལུ་ གསང་བའི་སྙན་ཞུ་ ཐོབ་མི་དང་འཁྲིལ་ རྩི་མ་གཤམ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནི་གི་ དཔའ་བཅམ་པའི་སྐབས་ ཁྱུང་བདུད་དབང་ཕྱུག་དང་ ཆ་རོགས་ཚུ་གིས་ བྱོག་སོང་པའི་ཤུལ་ལས་ གསེར་དང་འགྲུལ་འཕྲིན་ག་ར་ ཚལ་མ་ནང་ བཀོ་བཏང་ཡོདཔ་ཨིན་པས།
ཉེས་འབྲེལ་པ་ ཀུན་ལེགས་ཚེ་རིང་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲི་ལོ་༢ དང་ཟླཝ་༦ བཀལ་ཡོད་མི་ལུ་ མཐོ་གཏུགས་མ་འབད་བར་ ཁྲིམས་འཐུས་བཏབ་ཡོདཔ་ཨིན་རུང་ ཁྱུང་བདུད་དབང་ཕྱུག་དང་ རིན་ཆེན་རྡོ་རྗེ་ དེ་་ལས་ རིག་འཛིན་༣ གྱིས་ ཁེ་རྒུད་མ་བཏུབ་པར་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *