སོ་ནམ་པ་༣ དེ་ཅིག་གིས་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་ ས་ཞིང་དེ་ འབྱ་ཞིང་ལུ་ བསྒྱུར་བཅོས་ཐོག་ ལྕང་ལཱ་རྐྱབ་ནི་གི་ གྲ་སྒྲིག་འབད་བའི་བསྒང་།

གསར་སྤང་ལུ་ ཨ་ལཱན་ཅི་ལཱ་བཤོལ་བཞག་ཐོག་ ལྕང་ལཱ་རྐྱབ་དོ་ཡོདཔ།

༉ རྒྱལ་ཡོངས་ཀྱི་དམིགས་གཏད་ མི་སེར་རང་མགོ་རང་འདྲོངས་སྦེ་ སྡོད་ཚུགསཔ་བཟོ་ནི་ཨིན་མི་དང་འཁྲིལ་ གསར་སྤང་ཆུ་འཛོམས་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ཁོང་རའི་དངུལ་ཐོག་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་མི་ ས་ཞིང་ལ་ལོ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ནུག།
མ་གཞི་ སོ་ནམ་པ་ཚུ་གིས་ འབྱ་འཛུགས་སྐྱོང་རྒྱ་ཆེཝ་སྦེ་ འབད་ནི་མེད་རུང་ དགའ་གླིང་ཐང་སྤྱི་འོག་ལས་ སོ་ནམ་པ་གཉིས་ཀྱིས་ ལྕང་ལཱ་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ ལ་ལོ་ཅིག་གིས་ ལྕངམ་འབལ་ཏེ་ བཙུགས་པའི་བསྒང་ཨིན་པས།
འབྱ་འཛུགས་སྐྱོང་འབད་མི་ཅིག་ སྐྱེས་ལོ་༤༨ ལང་མི་ དཱལ་བྷ་དུར་རའི་ཨིནམ་ད་ ཁོ་གིས་ འདས་པའི་བདུན་ཕྲག་ནང་ ས་ཆ་ཌིསི་༣༠ ནང་ ཨ་ལཱན་ཅི་ཡོད་མི་ཚུ་ ར་འབལ་བཀོག་སྟེ་ འབྱ་འཛུགས་སྐྱོང་འབད་ནུག།
ཁོ་གི་ཞིང་ནང་ ཨ་ལཱན་ཅི་བཙུགས་ཏེ་ ལོ་ངོ་༣ དེ་ཅིག་སོང་རུང་ རྡོག་མ་བཏགས་ནི་ མེད་པའི་ཤུལ་ལུ་ ཁོ་གིས་ ལྕངམ་རྐྱངམ་གཅིག་ བཙོང་སྡོད་ནུག།
དཱལ་བྷ་དུར་ལུ་ ཆུ་ཞིང་ཡོད་རུང་ རང་བཟའ་སྤྱོད་ཀྱི་དོན་ལུ་ ཆུམ་ཨ་རྟག་ར་ ཁྲོམ་ཁ་ལས་ ཉོ་ཟ་དགོཔ་ད་ སེམས་ཕམ་བྱུང་པའི་ཤུལ་ལུ་ ཁོ་གིས་ འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྫོང་ཁག་སོ་ནམ་འགོ་དཔོན་དང་ རྒེད་འོག་གིས་ རང་ལུ་ དགོས་མཁོ་ཡོད་མི་ ལོ་ཐོག་ཚུ་ རང་གིས་འཛུགས་སྐྱོང་འབད་དགོཔ་སྦེ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་པས།
ཧེ་མ་ ཁོ་གིས་ མནོ་བསམ་ག་ཅི་ཡང་མ་བཏང་པར་ ཚོད་ཞིང་གཅིག་ཡང་ མ་བཞག་པར་ག་ར་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ཡོད་རུང་ ད་ལྟོ་ ཨ་ལཱན་ཅི་ཚུ་ ར་འབལ་བཀོག་བཏང་སྟེ་ ཚོད་བསྲེ་དང་ འབྱ་འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།
ན་ཧིང་ཚུན་ཚོད་ ཁོ་གིས་ ཚོད་བསྲེ་ཕུད་རྡོག་གཅིག་ཡང་ མ་བཙོང་རུང་ ད་རེས་ ཚོད་ཞིང་ནང་ ཀོ་པི་དང་ མེ་ཏོག་ཧོན་ཚོད་ ཨེ་མ་ཚུ་ བཙུགས་ཏེ་ཡོད་མི་ལས་ མེ་ཏོག་ཧོན་ཚོད་ཀེ་ཇི་༢༥ དང་ ཨེ་མ་ཀེ་ཇི་༣༠ དེ་ལས་ ཀོ་པི་ཀེ་ཇི་༥༠ དེ་ཅིག་ བཙོང་ཡོདཔ་ཨིན་པས།
དཱལ་བྷ་དུར་གྱི་ ནུ་གཅུང་ལུ་ ཨ་ལཱན་ཅི་འཛུགས་སྐྱོང་འབད་དེ་ཡོད་མི་ ས་ཌིསི་༣༠ དེ་ཡང་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ བསྒྱུར་བཅོས་འབད་ནུག།
དཱལ་བྷ་དུར་གྱིས་ འབད་མི་དེ་ལུ་ དཔེ་བལྟ་སྟེ་ ཁོ་གི་ཁྱིམ་ཚང་ པཱན་ཅ་མཱན་རའི་གིས་ཡང་ ས་ཆ་ཌིསི་༥༠ ནང་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ཡོད་མི་ཚུ་ཡང་ག་ར་ ར་འབལ་བཀོག་ཞིནམ་ལས་ འབྱ་འཛུགས་སྐྱོང་འབད་ནི་གི་ གྲ་སྒྲིག་འབདཝ་ཨིན་པས།
ལོ་ངོ་༣ གྱི་ཧེ་མར་ པཱན་ཅ་མཱན་རའི་གིས་ འབྱ་ཞིང་ཚུ་ག་ར་ མེདཔ་བཏང་སྟེ་ ཨ་ལཱན་ཅི་ བཙུགས་ཡོདཔ་ད་ དེ་བསྒང་ ཨ་ལཱན་ཅིའི་ ཚོང་འབྲེལ་ལེགས་ཤོམ་ཡོདཔ་ལས་ སོ་ནམ་པ་ག་ར་གིས་ ཨ་ལཱན་ཅིའི་ ལཱ་འབད་ནུག།
རང་གི་ འཚོ་སྐྱོང་གི་དོན་ལུ་དགོ་པའི་ བཞེས་སྒོ་དེ་ རང་གིས་ར་ ཐོན་སྐྱེད་འབད་ཚུགས་དགོཔ་ ཧ་གོ་བའི་ཤུལ་ལུ་ ཁོ་གི་ཆུ་ཞིང་ནང་བཙུགས་ཏེ་ཡོད་མི་ ཨ་ལཱན་ཅི་ཚུ་ རྩ་བ་ལས་ མེདཔ་བཟོ་ཡོད་རུང་ དུས་ཅི་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ འབྱ་འཛུགས་སྐྱོང་འབད་མི་ཚུགས་པས་ཟེར་ཨིན་པས།
ཆུ་འཛོམས་རྒཔོ་ བིཤ་ནུ་པར་སཱཌ་རའི་གིས་འབད་བ་ཅིན་ འདས་པའི་ལོ་ནང་ སོ་ནམ་པ་དག་པ་ཅིག་གིས་ འབྱ་ཞིང་ཚུ་ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ནི་ འགོ་བཙུགས་རུང་ ད་ལྟོ་ བསྒྱུར་བཅོས་འབད་དེ་ ནན་བསྐྱར་དུ་ འབྱ་འཛུགས་སྐྱོང་འབད་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཨིན་པས།
ཧེ་མ་ ཞིང་ཆུ་ལངམ་སྦེ་མེད་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ སོ་ནམ་པ་ མང་ཤོས་ཅིག་གིས་ འབྱ་ཞིང་ནང་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ལྷ་ཡུལ་སྤྱི་འོག་གི་ སོ་ནམ་པ་ཚུ་ ན་ཧིང་ཚུན་ཚོད་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཆར་ཆུ་ལུ་ བརྟེན་སྡོད་ཡོདཔ་ཨིན་རུང་ དུས་ཅི་ལས་ སོ་ནམ་ལས་ཁུངས་ཀྱི་ འགོ་འདྲེན་ཐོག་ལས་ ཞིང་ཆུ་ལས་འགུལ་དེ་གིས་ ཆུ་ལངམ་སྦེ་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ཀི་ལོ་མི་ཊར་༧ འབད་མི་ ཞིང་ཆུ་དེ་གིས་ ལྷ་ཡུལ་གྱི་ཁྱིམ་གུང་པ་༨༠ ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ད་ ད་རུང་ ཁྱིམ་གུང་པ་༧༠ དེ་ཅིག་ ད་ལྟོའི་བར་ན་ཡང་ ཆར་ཆུ་དང་ གཡུས་ཀྱི་སྦོ་ལོགས་ཁར་ ཆུ་ཆུང་ཀུ་ཅིག་ཡོད་མི་དེ་ལུ་ བརྟེན་སྡོདཔ་ཨིན་པས།
ཆུ་འཛོམས་རྒེད་འགོ་ནང་ ཆུ་ཞིང་ཨེ་ཀར་༧༠ དེ་ཅིག་ཡོད་མི་ལས་ ཨེ་ཀར་༦༠ སོ་ནམ་པ་ཚུ་གིས་ ལོག་ཐོག་བཏབ་སྟེ་ ལག་ལེན་འཐབ་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *