གསར་སྤང་ལུ་ གླངམོ་ཆེ་ཚུ་གིས་ ལོ་ཐོག་དང་ རྒྱུ་དངོས་ཚུ་ལུ་གནོད་བཀལ།

འདས་པའི་ཟླཝ་ནང་ རི་དྭགས་གླངམོ་ཆེ་ཚུ་གིས་ བ་༡ དང་བོའུ་ཅུང་༣ བསད་ནུག།

༉ ད་རེས་ནངས་པར་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ འཁོར་ལམ་བསུབས་མི་དང་ ཆུ་རུད་ཀྱིས་ འཇིགས་སྣང་བྱུང་པའི་ ནམ་དུས་ལུ་ གསར་སྤང་ལུ་ མི་སེར་ཚུ་ ཉིན་ནུབ་མེད་པར་ དྲནམ་བཏོན་ཏེ་སྡོད་དགོཔ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ རི་དྭགས་གླངམོ་ཆེ་ཁྱུ་སྦེ་ གཡུས་ཚན་ཚུ་ནང་འཛུལ་ཏེ་ ལོ་ཐོག་དང་ རྒྱུ་དངོས་ཚུ་ ག་ལྷོད་མེདཔ་བཏང་མི་ལུ་བརྟེན་ཨིན་པས།
འཕྲལ་ཁམས་ཀྱི་ བྱུང་རྐྱེན་ཚུ་གི་གྲས་ལས་ སྤྱི་ཟླ་༨ པའི་ཚེས་༦ ལུ་ གླངམོ་ཆེ་༡༦ འབད་མི་ཁྱུ་ཅིག་གིས་ ཨུམ་གླིང་རྒེད་འོག་གི་ སྤྱི་འོག་༢ ནང་ འཛུལ་ཞིནམ་ལས་ དོག་མ་ཤིང་༥༠༠ ལྷགཔ་ཅིག་ མེདཔ་བཏང་པའི་ཁར་ ལྕང་ལཱ་རྐྱབ་ཚར་མི་ འབྱ་ཞིང་ཨེ་ཀར་༡.༡༥ རྐངམ་གིས་བསྣད་དེ་ མེདཔ་བཏང་ཡོདཔ་ཨིན་པས།
ཨུམ་གླིང་ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ གྲོང་གསེབ་མི་སེར་ཚུ་གིས་ ཁོང་ལུ་ དེ་འཕྲོ་ལས་ སྙན་ཞུ་འབད་ཡོད་རུང་ གླངམོ་ཆེ་ཚུ་ བདའ་གཏང་ནི་ལུ་ གནམ་མེད་ས་མེད་ ལཱ་ཁག་འདུག་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ ནགས་ཚལ་ལས་བྱེདཔ་ཚུ་གིས་ གླངམོ་ཆེ་ཚུ་ གཡུས་ཚན་ནང་ལས་ བདའ་བཏང་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༨ དེ་ཅིག་ འགོར་སོ་ཡི་ཟེར་ཨིནམ་ད་ ང་བཅས་ཀྱིས་ གླངམོ་ཆེ་ཚུ་ བདའ་བཏངམ་ད་ གློག་རྒྱུན་ར་བ་བསྒོར་སའི་ ས་ཁོངས་ནང་ལས་མེན་པར་ ས་གནས་གཞན་ཁ་ལས་ འགྱོ་བཅུག་ནི་གི་ ཐབས་ལམ་བཏོན་མི་དེ་ཡང་ གལ་སྲིད་ གླངམོ་ཆེ་ཚུ་ གློག་རྒྱུན་ར་བ་གུ་ རེག་པ་ཅིན་ གནོད་འཚེ་ཅན་ལུ་ འགྱུར་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ང་བཅས་ཀྱི་ ཁ་ཐུག་ལས་ རི་དྭགས་གླངམོ་ཆེ་ཚུ་ བདའ་བཏངམ་ཨིན་རུང་ ལོག་འོང་ཡི་ར་སྡོདཔ་མས་ཟེར་ ཨྱོན་རྡོ་རྗེ་གིས་ བཤདཔ་ཨིན་པས།
འདས་པའི་ཟླཝ་ནང་ཡང་ གླངམོ་ཆེ་ཁྱུ་གཞན་ཅིག་ ཨུམ་གླིང་གི་ གཡུས་ཚན་ཅིག་ནང་འཛུལ་ཏེ་ བ་༡ དང་ བོའུ་ཅུང་༣ བསད་ཡོདཔ་ད་ དེ་ཡང་ གླངམོ་ཆེའི་ཕྱུག་གུ་ཅིག་ རྩི་སའི་དོང་ནང་ བུད་སོང་པའི་ཤུལ་ལས་ ནོར་ཚུ་ལུ་ གནོདཔ་བཀལ་ནུག་ཟེར་ཨིན་པས།
གླངམོ་ཆེའི་ ཕྱུག་གུ་གི་ ཨའི་དེ་གིས་ དོང་ནང་བུད་སོང་མི་ ཕྱུག་གུ་དེ་ སྲོག་སྐྱབས་འབད་མ་ཚུགསཔ་ད་ གནོད་འཚེ་ཅན་ལུ་གྱུར་ཏེ་ ཉེ་འདབས་ལུ་ཡོད་མི་ ནོར་སེམས་ཅན་ཚུ་ བསད་ད་ནུག་ཟེར་ གནས་ཚུལ་བཤད་མི་ཚུ་གིས་ བཤདཔ་ཨིན་པས།
ནགས་ཚལ་ལས་བྱེདཔ་ཚུ་གིས་ གླངམོ་ཆེའི་ཕྱུག་གུ་དེ་ དོང་ནང་ལས་བཏོན་ཏེ་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
གླངམོ་ཆེ་ཁྱུ་དེ་གིས་ར་ གསེར་གཞོང་རྒེད་འོག་གི་ གཡུས་ཚན་ཚུ་ནང་འཛུལ་ཏེ་ དོག་མ་ཤིང་མང་རབས་ཅིག་ བརྡབས་བཏང་ཡོདཔ་མ་ཚད་ འབྱ་ཞིང་ཚུ་ རྐངམ་གིས་བསྣད་བཏང་པའི་ཁར་ ཆུ་གཟར་སྒང་ལུ་ཡང་ ལོ་ཐོག་བཏབ་ཡོད་མི་ཞིང་ཚུ་ནང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ཆུ་གཟེར་སྒང་རྒེད་འོག་སོ་ནམ་འགོ་དཔོན་ བཀྲིས་ཟླ་བ་གིས་ སླབ་མིའི་ནང་ གླངམོ་ཆེ་དང་ རི་ཕག་ཚུ་ ས་ཞིང་ཚུ་ནང་ འཛུལ་ནི་ལས་ གློག་རྒྱུན་ར་བ་ཚུ་གིས་ བཀག་ཚུགས་དོ་ཡོདཔ་ཨིན་རུང་ གལ་སྲིད་ འཛུལ་སྒོ་ཅིག་ནང་ལས་ འཛུལ་འོང་ཞིནམ་ལས་ བདའ་གཏང་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཧེ་མའི་ཟླཝ་ནང་ གླངམོ་ཆེ་ཁྱུ་ཅིག་གིས་ དགེ་ལེགས་ཕུག་ལུ་ ཕྱེ་འཐག་ཁང་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ གསོག་འཇོག་འབད་དེ་བཞག་མི་ འབྲུ་སྣ་ཚུ་ཟ་བའི་ཁར་ གེ་ཟའི་ཞིང་ཅིག་ནང་འཛུལ་ཏེ་ གེ་ཟའི་ཤིང་ཚུ་ རྐངམ་གིས་ བསྣད་བཏང་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ གླངམོ་ཆེ་ཕུད་རྡོག་གཅིག་གིས་ ཤོམ་སྤང་ཁ་ལུ་ ཁྱིམ་ཆུང་ཅིག་གི་ གྱང་རྩིག་དང་ སྒོ་ཅུང་ཆ་ཤས་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གླངམོ་ཆེ་གིས་ གནོདཔ་བཀལཝ་ད་ མི་སེར་གྱིས་ དང་པ་ར་ རྒེད་འོག་ཡིག་ཚང་ལུ་ སྙན་ཞུ་འབད་ཞིནམ་ལས་ ནགས་ཚལ་ཡིག་ཚང་ལུ་ སྙན་ཞུ་ཅིག་ ཕུལ་དོ་ཟེར་ཨིནམ་ད་ དགེ་ལེགས་ཕུག་གླིང་འཛིན་འགོ་དཔོན་ཚུ་གིས་འབད་བ་ཅིན་ གསར་སྤང་རྫོང་ཁག་གི་ གཡུས་ཚན་ཚུ་ནང་ ག་ལྷོད་མེདཔ་བཏང་འགྱོ་མི་ གླངམོ་ཆེ་ཁྱུ་༤ དེ་ཅིག་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *