༉ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ དགེ་ལེགས་ཕུག་ཁྲོམ་གྱི་ འཛོམས་འདུ་འགོ་འདྲེན་འཐབ་ཐོག་ལས་ གསར་སྤང་རྫོང་ཁག་གི་ རྒེད་འོག་༡༢ ག་རའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གདམ་ངོའི་འཛོམས་འདུ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་དང་ གདམ་ངོའི་འཛོམས་འདུ་ཚུ་ནང་ དོ་འགྲན་འབད་ནིའི་ དང་འདོད་གསལ་སྟོན་འབད་མི་ གདམ་ངོ་༡༢ ཡོད་མི་ལས་ འཛོམས་འདུ་ཚུ་གི་སྐབས་༨ གདམ་འཐུ་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༨ ལུ་ དགའ་སྐྱིད་གླིང་རྒེད་འོག་གི་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་ནང་ལས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ ཨ་ནན་རའི་གིས་ དགོ་ཟེར་བའི་ཚོགས་རྒྱན་༣༧༤ དང་ མི་དགོའི་ཚོགས་རྒྱན་༤༡ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
གཤོམ་སྤང་ཁ་རྒེག་འོག་གི་ འཛོམས་འདུ་སྐབས་ དོ་འགྲན་འབད་མི་༢ ཡོད་མི་ལས་ སངས་རྒྱས་རྡོ་རྗེ་ཏ་མང་གིས་ ཚོགས་རྒྱན་༢༡༠ ལས་བརྒལ་ ཐོབ་མ་ཚུགས་མི་ལུ་བརྟེན་ ཨྱོན་ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་༢༥༥ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
འཛོམས་འདུའི་སྐབས་ རྒེད་འོག་ལྟེ་བའི་ནང་ ཚོགས་རྒྱན་བཙུགས་པར་༧༡༧ འོང་མི་ལས་ ༤༡༩ ཕོ་སྐྱེས་དང་ ཨམ་སྲུ་༢༩༨ ཡོདཔ་ད་ རྫོང་ཁག་བཙག་འཐུའི་ འགོ་དཔོན་ཚུ་གིས་ དེ་ཁར་ ངོས་འཛིན་འདྲ་པར་ཚུ་ བྱིན་ཐོག་ལས་ མི་༡༠ ལྷགཔ་ཅིག་ལུ་ ཚོགས་རྒྱན་བཙུགས་ནིའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༡ ལུ་ བསམ་གཏན་གླིང་རྒེད་འོག་འཛོམས་འདུའི་སྐབས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ མོན་བྷ་དུར་རའི་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༢༩ དང་ མི་དགོའི་ཚོགས་རྒྱན་༣༡ ཐོབ་མི་ལུ་བརྟེན་ གདམ་འཐུ་འབད་ཡོདཔ་ཨིན་པས།
འཇིགས་མེད་ཆོས་གླིང་རྒེད་འོག་འཛོམས་འདུ་སྐབས་ གདམ་ངོ་༢ ལས་ ཚེ་རིང་དཔལ་འབྱོར་གྱིས་ ཚོགས་རྒྱན་༣༥༣ དང་ ཀི་རིཤ་ན་ བྷ་དུར་གུ་རུང་གིས་ ཚོགས་རྒྱན་༢༥༣ ཐོབ་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ འཛོམས་འདུ་མཇུག་ནང་ དགེ་ལེགས་ཕུག་ཁྲོམ་ལས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ ཚེ་རིང་ནོར་བུ་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༤༦ དང་ མི་དགོའི་ཚོགས་རྒྱན་༢༨ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཆུ་གཟར་སྒང་རྒེད་འོག་འཛོམས་འདུ་ལས་ ཁ་རི་ལཱལ་གུ་རུང་གིས་ དགོ་ཟེར་བའི་ཚོགས་རྒྱན་༡༧༧ དང་ མི་དགོའི་ཚོགས་རྒྱན་༡༡༨ ཐོབ་ཡོདཔ་བཞིན་དུ་ སྤྱི་ཚེས་༧ ལུ་ གསེར་གཞོང་རྒེད་འོག་གི་ འཛོམས་འདུའི་སྐབས་ ཀུན་བཟང་རྡོ་རྗེ་གིས་ ཚོགས་རྒྱན་༢༤༠ ལས་ ཐོབ་མ་ཚུགསཔ་ལས་ པདྨ་བཀྲིས་ཀྱིས་ ཚོགས་རྒྱན་༣༩༠ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
དགའ་སྐྱིད་གླིང་རྒེད་འོག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢,༥༩༧ ཐོ་བཀོད་འབད་ཡོད་མི་ལས་ མི་༤༡༥ གིས་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ གཤོམ་སྤང་ཁ་རྒེད་འོག་ནང་འབད་བ་ཅིན་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢,༠༡༧ ཐོ་བཀོད་འབད་ཡོད་མི་ལས་ མི་༤༦༥ ཚོགས་རྒྱན་བཙུགས་པར་ འོང་ཡོད་མི་དེ་ བརྒྱ་ཆ་༢༣.༠༥ ཨིན་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།